༧གོང་ས་མཆོག་གིས་ཨ་རིའི་གཞོན་སྐྱེས་ཁག་གཅིག་ལ་ཞི་བདེའི་འགོ་ཁྲིད་བྱེད་དགོས་པའི་བཀའ་སློབ་སྩལ་འདུག
2018.06.01
ཨ་རི་ཀའི་གཞོན་སྐྱེས་ཚོར་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུའི་འགན་ཁུར་ཡོད་པ་རེད་ཅེས་༧གོང་ས་མཆོག་གིས་ཨ་རིའི་གཞོན་སྐྱེས་ཁག་གཅིག་ལ་བཀའ་གནང་འདུག
དེ་ཡང་བོད་ཀྱི་ཆོས་དང་རིག་གཞུང་སྒོམ་ཉམས་ལེན་གྱི་སྐོར་ལ་བདུན་ཕྲག་དྲུག་ཙམ་ཙམ་གྱི་རིང་ཟབ་སྦྱོང་གི་ཆེད། ཨ་མི་རི་ཀའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཕོ་མོ་༢༩་དང་དགེ་རྒན་བཞི་བཅས། རྒྱ་གར་ནང་ཆེད་བཅར་གནང་ཡོད་པ་རྣམས་ཀྱིས། སྤྱི་ཟླ་༦་པའི་ཚེས་༡ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་དང་༧གོང་ས་མཆོག་གིས་ཁོང་ཚོའི་དྲི་བར་བཀའ་ལན་གོ་སྐབས་གནང་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲོང་སྐྱོབ་ལ་ཐུགས་ཁུར་གནང་གི་ཡོད་པ་དང་། རྒྱ་གར་ནང་ན་ལེནྜའི་རིག་གཞུང་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་གནང་གི་ཡོད་པ་སོགས་བཀའ་སྩལ་བ་དང་བསྟུན། ༧གོང་ས་མཆོག་གིས། ལོ་ཤས་གོང་ནོ་བེལ་ཞི་བའི་གཟེངས་རྟགས་ཐོབ་མཁན་ཚོ་ལྷན་ཚོགས་ཤིག་གི་སར། ངོས་ནས་འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་དགོས་ཞེས་ཁ་ནས་བཤད་པ་ཙམ་མིན་པར། ང་ཚོས་དུས་ཚོད་ཀྱི་རེའུ་མིག་བཟོས་ཏེ་ལོ་གཉིས་གསུམ་ནང་གྲུབ་འབྲས་ཐོན་རྒྱུར་འབད་བརྩོན་བྱེད་དགོས་པའི་དགོངས་འཆར་སྩལ་བ་འགྲེལ་བརྗོད་གནང་པ་དང་། ཡང་ཨ་མི་རི་ཀའི་སློབ་ཕྲུལ་མཇལ་བཅར་བ་རྣམས་ལ། འཛམ་གླིང་སྤྱི་ལ་ཁྱབ་པའི་ལས་ཀ་ཧུར་ཐག་བྱས་ན། འགྱུར་བ་དང་ཤུགས་རྐྱེན་ཞིག་སླེབས་ཡོང་གི་ཡོད་པར་བརྟེན། ཁྱེད་ཚོ་ཨ་མི་རི་ཀའི་གཞོན་སྐྱེས་ཚོར་རྡུལ་ཕྲན་མཚོན་ཆ་ཇེ་ཉུང་དུ་གཏོང་ཐབས་དང་། རིམ་པས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་རྒྱུའི་འགན་ཁུར་ཡོད་པ་བཀའ་གནང་འདུག ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གལ་ཏེ་ཨ་མི་རི་ཀས་དང་བླངས་གིས་སོ་སོའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོས་ན། རྒྱལ་ཁབ་གཞན་ཚོར་གནོན་ཤུགས་སྤྲོད་ཐུབ་པ་མ་གཏོགས་སོ་སོས་མཚོན་ཆ་དེ་རིགས་ཉར་བའི་སྒོ་ནས་གཞན་ལ་བཀག་འགོག་བྱེད་ཁག་པོ་ཡིན་ལ། དཔེར་ན་བྱང་ཀོ་རི་ཡས་ཀྱང་ཉན་འཇོག་བྱེད་ཁག་པོ་ཡིན་ལ། འགའ་ཤས་ཀྱིས་མཚོན་ཆ་དེ་རིགས་ཉར་བ་དང་འཕེལ་རྒྱས་གཏོང་བཞིན་དུ། རྒྱལ་ཁབ་ཆུང་ཁག་ཁ་ཤས་ལ་རྡུལ་ཕྲན་མཚོན་ཆ་ཉར་མི་ཆོག་ཅེས་བཀག་འགོག་བྱས་ཀྱང་ཁག་པོ་ཡིན་ལུགས་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གཏན་འཇགས་རྒྱུན་ལས་རྒྱལ་ཁབ་ལྔ་ལ་དམིགས་བསལ་ཐོབ་ཐང་ཡོད་པ་ནི་མང་གཙོའི་ལམ་ལུགས་དང་མི་མཐུན་པ་ཡིན་པ་དགོངས་ཀྱི་ཡོད་པ་དང་། གཏན་འཇགས་རྒྱུན་ལས་རྒྱལ་ཁབ་ཁག་བཅུ་ནས་བཅོ་ལྔ་ཙམ་ཇེ་མང་དུ་བཏང་སྟེ་རེས་མོས་བྱ་ཐུབ་ན་ཡག་པོ་ཡོད་པ་ལས། དེང་སང་མཉམ་འབྲེལ་རྒྱལ་ཚོགས་སུ་བཟང་ཕྱོགས་ཀྱི་གྲོས་ཆོད་རེ་འགོ་བཙུགས་ཙམ་ཉིད་ནས། གཏན་འཇགས་རྒྱུན་ལས་ཚོས་བཀག་གི་ཡོད་པའི་དཀའ་ངལ་ཁག་ལུང་འདྲེན་གནང་འདུག
ཨ་རིའི་སློབ་ཕྲུག་དེ་ཚོ་ནི་གཞོན་སྐྱེས་ལོ་༡༩ནས་༢༢ཙམ་ཡིན་པ་དང་། ཨ་མི་རི་ཁའི་ཨེ་མོ་རིའི་གཙུག་ལག་སློབ་ཁང་གི་སློབ་ཕྲུག་ཚོ། རྒྱ་གར་ནང་བོད་ཀྱི་ཆོས་དང་རིག་གཞུང་སྐོར་ཟབ་སྦྱོང་ལ་ད་རེས་ཡོང་ཐེངས་བཅུ་པ་དེ་ཡིན་འདུག་ཅིང་། ཁོང་ཚོས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ནང་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ཟབ་སྦྱོང་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་བློ་བྷེ།