༧གོང་ས་མཆོག་གིས་ཚོར་མྱོང་དང་འབྲེལ་བའི་ཐད་བཀའ་བསྡུར།
2016.02.23
དེ་ཡང་འདི་ཚེས་༢༡ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཚོར་མྱོང་གྱི་གནས་བབས་ཐད་ཉམས་ཞིབ་གནང་མཁན་ཚན་རིག་པ་མཁས་ཅན་ལྕམ་Eve Ekmanརྣམ་གཉིས་དབར་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་རོ་ཆེསི་ཊར་ས་གནས་སུ་མཇལ་འཕྲད་ཀྱིས་ཚོར་མྱོང་དང་འབྲེལ་བའི་ཀླད་པའི་ས་ཁྲ་ཞིག་བཟོ་བསྐྲུན་གནང་བཞིན་པ་དེའི་ཐོག་བཀའ་བསྡུར་མཛད་འདུག
མཁས་དབང་ལྕམ་Eve Ekmanནི་རྣམ་འགྱུར་གྱི་ཚན་རིག་པ་གྲགས་ཅན་ Paul Ekmanམཆོག་གི་བོུ་ཡིན་པ་དང་། ཚོར་མྱོང་དང་འབྲེལ་བའི་ཀླད་པའི་ས་ཁྲ་བཟོ་བསྐྲུན་གྱི་འཆར་གཞི་དེ་ཐོག་མར་སྐུ་ཞབས་པའོལ་ཨེཀ་མན་མཆོག་གིས་དབུ་བཙུགས་གནང་པ་ཞིག་ཡིན་ཞིང་། ལྕམ་ཨིཝ་ཨེཀ་མན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཀླད་པའི་ས་ཁྲ་དེ་བཞིན་དྲ་ལམ་ཁོ་ནའི་བརྒྱུད་ནས་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་འགྲེལ་བརྗོད་ཞུས་པ་དང་སྦྲགས། ཚོར་མྱོང་མི་འདྲ་བའི་ཐོག་ནས་ཀླད་པའི་འགུལ་བསྐྱོད་བྱ་རིམ་གྱི་ས་ཁྲའི་དཔར་རིས་ཤིག་སྤྱན་བསྟར་ཞུས་ཡོད་པ་རེད།
མཇལ་འཕྲད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྕམ་ཨིཝ་ཨེཀ་མན་རྣམ་གཉིས་ནས་ཁོང་ཁྲོ་ལ་སོགས་པ་ཚོར་མྱོང་འདྲ་མིན་གྱི་བྱེད་ལས་ཐོག་བཀའ་བསྡུར་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ཁྲོ་ནི་མི་དགེ་བའི་སེམས་ཤིག་ཡིན་ན་ཡང་། ཡུལ་དུས་གནས་སྐབས་བྱེ་བྲག་པ་ཞིག་གི་ཐོག་ཁོང་ཁྲོས་སེམས་ལ་ནུས་པ་ཁྱད་པར་བ་ཞིག་འབྱིན་ཐུབ་ཀྱི་ཡོད་ལ། ནུས་པ་དེ་བཟང་པོའི་ཕྱོགས་སུ་ཁ་བསྒྱུར་ཐུབ་པ་ཞིག་ཀྱང་རེད། འོན་ཀྱང་ཁོང་ཁྲོ་ཉིད་རང་བཟང་པོའི་རང་བཞིན་ཞིག་ཡོང་སྲིད་མིན་ཐད་ཐུགས་དོགས་ཡོད་པ་བཀའ་གནང་འདུག ཡང་ལྕམ་ཨིཝ་ཨེཀ་མན་གྱིས་ཞིབ་འཇུག་ནས་ར་འཕྲོད་བྱུང་བར་གཞིགས་ན། འཇིགས་སྣང་གི་སེམས་དེ་ནི་སེམས་ངལ་དང་ཡིད་སྐྱོ་བ། ཁོང་ཁྲོ་སོགས་བསྐྱེད་པའི་རྒྱུ་གཙོ་བོ་ཞིག་ཡིན་པ་འགྲེལ་བརྗོད་ཞུས་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཚོས་ཇི་ལྟར་ཚ་བ་དང་གྲང་བ་ནི་ཕན་ཚུན་མངོན་འགལ་ཡིན་པ་ལྟར། ཁོང་ཁྲོ་དང་བྱམས་བརྩེ་ཡང་ཕན་ཚུན་མངོན་འགལ་ཡིན་ཞིང་། མི་ཚོས་སྡུག་བསྔལ་འབྱིན་པའི་ཚོར་མྱོང་གྱི་རང་བཞིན་དེ་དག་ལ་གདོང་ལེན་བྱ་ལུགས་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།