དགྲ་གཉེན་དུ་བསྒྱུར་ནས་གྲོགས་པོ་བསྒྲིག་ཐུབ་པ་བྱུང་ན་ཡག་པོ་ཡོད། ༧གོང་ས་མཆོག་གིས།
2019.02.21
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཤར་ནུབ་ཀྱི་བདེ་སྐྱིད་ནི་ཕན་ཚུན་རྟེན་འབྱུང་ལྟོས་གྲུབ་ཡིན་པ་བཀའ་སྩལ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་ཉིན་གཉིས་པ་སྟེ་ཕྱི་ཟླ་ ༢ ཚེས་ ༢༡ ཉིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཞི་བདེན་པ་གཉིས་གསུངས་པ་དེ་ནི་ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་སོགས་ལ་ངེས་སྦྱར་མི་དགོས་པར་འཇིག་རྟེན་འདིའི་སྟེང་གི་ཕྱི་ནང་གི་ཆོས་ཐམས་ཅད་ལ་སྦྱོར་ཐུབ་པ་ཞིག་ཡིན་པ་བཀའ་སྩལ་ཞིང་། འཛམ་གླིང་འདིའི་སྟེང་གི་དཀའ་རྙོག་མང་ཆེ་བ་ཀུན་རྫོབ་ཀྱི་ཆོས་དེ་དག་སྣང་བ་ལྟར་བདེན་པར་གྲུབ་པར་འཛིན་པ་དང་། དེ་ལ་བརྟེན་ནས་བློ་རྒྱ་ཆུང་ཆུང་ཞིག་གི་ཐོག་ནས་ང་རྒྱལ་དང་ཁོང་ཁྲོ་ལ་སོགས་པ་ཉོན་མོངས་པའི་སེམས་དག་སྐྱེས་པ་ལས་བྱུང་བཞིན་ཡོད་པ་བཀའ་སྩལ་གནང་ཡོད་པ་རེད། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བདེན་གཉིས་ཀྱི་ནང་ནས་དོན་དམ་བདེན་པའམ་ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དམ་ཡང་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་དེ་ངོས་བཟུང་ཐུབ་པ་ཡིན་ན། རང་དང་གཞན་གྱི་འཚོ་གནས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པ་དང་། ལྷག་པར་དུ་འཛམ་གླིང་གི་ཁོར་ཡུག་གི་གནས་བབས་རྟེན་འབྲེལ་རག་པའི་སྒོ་ནས་ཕན་ཚུན་ལྟོས་གྲུབ་ཡིན་པ། ཕྱི་ནང་སྣོད་བཅུད་ཡོངས་རྫོགས་ཕན་ཚུན་ལྟོས་གྲུབ་ཡིན་པའི་རང་བཞིན་དེ་ངོས་བཟུང་ཐུབ་རྒྱུ་མ་ཟད། དེ་ལྟར་བྱུང་ན་རང་ཉིད་ཀྱི་སེམས་ནང་གི་དཀའ་ངལ་ཆུང་དུ་འགྲོ་རྒྱུ་དང་ཆེ་ས་འཛམ་གླིང་ནང་གི་དཀའ་རྙོག་ཡང་ཆུང་དུ་འགྲོ་རྒྱུ་ཡིན་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དཔེར་ན་ཕྱིའི་དགྲ་ཞེས་སོ་སོ་དང་བློ་མ་མཐུན་པ་དང་མ་དགའ་སའི་ཡུལ་ཚང་མ་མེད་པ་བཟོ་རྒྱུ་ཡོང་ཐབས་མེད་པ་དེ་དངོས་ཡོད་གནས་ཚུལ་ཡིན་པ་དང་། རང་གཞན་ཕན་ཚུན་ལྟོས་གྲུབ་ཀྱི་རང་བཞིན་དེའི་ཐོག་ནས་ཕྱིའི་དགྲ་ཡང་གཉེན་དང་གྲོགས་སུ་བསྒྱུར་ཐུབ་པ་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག
རྒྱ་གར་གྱི་མཁས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་བཤད་ལུང་ནི་ཧ་ཅང་དཀོན་པའི་གྲས་ཤིག་ཡིན་ཞིང་། རྡ་རམ་ས་ལའི་གནམ་གཤིས་གྲངས་ངར་ལ་མི་འཛེམས་པར་རྒྱ་གར་ལྷོ་ཕྱོགས་ཚ་བའི་ཡུལ་ནས་གདན་ས་གྲྭ་ཚང་ཁག་ནས་སློབ་གཉེར་དགེ་འདུན་པ་མང་དག་ཞིང་ཆེད་བཅར་ཞུས་འདུག་ལ། ཆོས་ཞུ་བ་སྟོང་ཕྲག་བདུན་ཙམ་ཡོད་པའི་ཁོངས་སུ་འཛམ་གླིང་ཡུལ་གྲུ་ཁག་༥༨ ཙམ་གྱི་མི་རིགས་ཀྱང་ཡོད་འདུག་ཅིང་། དེ་དག་གི་གྲས་རིགས་གཅིག་ནང་པ་མ་ཡིན་ཡང་དོན་གཉེར་ཆེན་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་བཅར་ཡོད་འདུག