ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་༧གོང་ས་མཆོག་ལྷན་གནད་དོན་འདྲ་མིན་ཐད་བཀའ་མོལ་བྱུང་འདུག

ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་༧གོང་ས་མཆོག་རྣམ་གཉིས་ཀྱི་མཇལ་མོལ་སྐབས་བོད་དང་འབྲེལ་བའི་གནད་དོན་འདྲ་མིན་ཐད་བཀའ་མོལ་བྱུང་འདུག
འདི་ཚེས་༡༣ཉིན། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་(Robert A. Destro)ལགས་གཙོས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཁོང་གི་ཕྱག་རོགས་རྣམ་པས་དྲ་ལམ་བརྒྱུད་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དང་མཇལ་མོལ་ཞུས་ཡོད་པ་དང་། དེའི་ཐད་འདི་ཚེས་༡༤ཉིན་འདི་ག་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་འབྲེལ་ལམ་ཞུས་བར། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་བ་ནི་ཆེ་མཐོང་ཧ་ཅང་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད་པ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་ཡིག་ཐོག་བཀའ་ལན་གནང་བའི་ནང་བཀོད་ཡོད་པ་རེད། ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་མཆོག་གིས་མཇལ་ཁའི་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ད་ལྟ་ཨ་རིའི་ངོས་ནས་བོད་མི་དང་འབྲེལ་བ་ཡོད་པའི་གནད་དོན་ཐོག་ལ་རྒྱབ་སྐྱོར་དང་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད་པའི་ཐད་ལ་ནན་ཞུ་གནང་བ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དམིགས་བསལ་སྐུ་ཚབ་བར་དབུ་མའི་ལམ་གྱི་ཐབས་ཇུས་གྱི་དགེ་ཕན་དང་། བོད་མཐོ་སྒང་གི་སྣོད་བཅུད་ཁོར་ཡུག གནམ་གཤིས། ཆུ་བོ་དང་མཚོ་ཆུ་སྲུང་སྐྱོབ་བྱ་རྒྱུའི་མཚོན། ཁོར་ཡུག་གི་གནད་དོན་ཇི་ཙམ་གལ་ཆེན་ཡིན་མིན་ཐད་ལ་བཀའ་བསྡུར་གནང་ཡོད་པ་མ་ཟད། བོད་ཀྱི་ཐོུང་མ་ཡིན་པའི་སྐད་ཡིག་རིག་གཞུང་དང་། ཆོས་ལུགས་ཀྱི་གནའ་སྲོལ་ཐེ་བའི་བོད་མིའི་ཁྱད་ནོར་རྣམས་གཅེས་འཛིན་དགོས་གལ་སྐོར་བཀའ་བསྡུར་གནང་ཡོད་པ་རེད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་ད་དུང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་བཙན་ཤེད་ཐོག་ངལ་རྩོལ་བཀོལ་བ་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་གྱི་ངོ་བོར་བསྒྱུར་རྒྱུའི་སྐུལ་སློང་དྲིལ་བསྒྲགས་བྱས་པ་བཅས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ། རྒྱལ་སྤྱིའི་ནང་སེམས་ཚབ་བྱེད་བཞིན་པ་ལྟར་ཨ་མི་རི་ཀར་ཡང་སེམས་ཚབ་ཡོད་པ་གསུངས་ཡོད་ཅིང་། ལྷག་པར་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱི་མཇུག་སྐྱོང་བྱེད་ཕྱོགས་ཐད་ཐེ་བྱུས་བྱེད་པ་དང་། ཡང་སྒོས་རྒྱ་ནག་དམར་ཤོག་ཚོགས་པས་སོ་སོ་རང་ཉིད་ཀྱི་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་གཅིག་བསྐོ་གཞག་བྱེད་སྲིད་པའི་ཐད་ཨ་མི་རི་ཀར་དམིགས་བསལ་ཐུགས་ཚབ་ཡོད་ཅེས་དང་། བོད་མི་ནང་པ་རྣམས་གང་དུ་ཡོད་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞུང་འབྲེལ་ཐེ་བྱུས་མེད་པར་ཁོང་ཚོའི་ངོས་ནས་མ་འོངས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དང་། སྐུ་ཡོན་འབུལ་རྒྱུའི་མཚོན་དད་པ་བརྩི་བཀུར་བྱེད་རྒྱུའི་ཐོབ་དབང་ལྡན་དགོས་པ་རེད་ཅེས་གསུངས་ཡོད་པ་རེད།
ད་ཐེངས་ཀྱི་མཇལ་མོལ་ནི་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་སྐུ་ཞབས་རོ་སྦེརཊ་ཌེསེ་ཏྲོ་ལགས་ཟླ་བ་གསུམ་གྱི་སྔོན། ཨ་རིའི་ཕྱི་སྲིད་དྲུང་ཆེ་(mike Pompeo)མཆོག་གིས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་བྱུང་རྗེས་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་བ་ཐོག་མ་དེ་ཡིན་པ་དང་། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀའི་ངོས་ནས་བོད་མིར་རྒྱབ་སྐྱོར་ཞུ་བའི་ཆོད་སེམས་དང་འདུན་པར་འགྱུར་མེད་བརྟན་པོ་ཡིན་པ་ཞུས་ཡོད་པ་རེད།
ཕྱི་ཟླ་དང་པོའི་ཚེས་༢༠ཉིན་ཨ་རིའི་བདམས་ཐོན་སྲིད་འཛིན་ཇོའོ་སྦཡེ་ཌེན་ལགས་ཀྱིས་སྲིད་འཛིན་གྱི་ལས་འཁུར་ཞུ་བའི་མཛད་སྒོ་གནང་རྒྱུ་ཡིན་ཞིང་། དེ་ནས་ཨ་རིའི་གཞུང་གི་དཔོན་རིགས་དང་ལས་བྱེད་མང་དག་ཞིག་འཕོ་འགྱུར་འགྲོ་རྒྱུ་ཡིན་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་དོན་ཆེད་དམིགས་བསལ་སྐུ་ཚབ་(Destro )ལགས་ཕྱི་ཟླ་༡ཚེས་༢༠ཉིན་གོ་གནས་འདི་ནས་འཕོ་འགྱུར་འགྲོ་བཞིན་ཡོད་པས། དེའི་རྗེས་དམིགས་བསལ་སྐུ་ཚབ་ཀྱི་གོ་གནས་འདིའི་ཐོག་སུ་ཞིག་ཕེབས་གྲབ་ཡོད་མེད་ད་ལྟའི་ཆར་གསལ་བསྒྲགས་ཞུ་རྒྱུ་གང་ཡང་མེད་ཅེས་ཡིག་ཐོག་ངོ་སྤྲོད་གནང་ཡོད།