བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར་ཆིབས་བསྒྱུར་གནང་འདུག
2019.04.02
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར་ཉིན་གྲངས་བཞིའི་མཛད་འཆར་ཆེད་བཞུགས་སྒར་ཕོ་བྲང་ནས་ཆིབས་བསྒྱུར་གནང་འདུག
ཕྱི་ཟླ་བཞི་པའི་ཚེས་༢ རེས་གཟའ་མིག་དམར་ཉིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་གནང་ཡོད་པ་དང་། ད་རེས་ལྡི་ལིར་ཆིབས་བསྒྱུར་གནང་དོན་གཙོ་བོ་ནི། དུས་རྟག་ཏུ་སྤྱི་ནོར་༧གོང་ས་མཆོག་གིས་འགྲོ་བ་མིའི་རང་གཤིས་ནི་བཟང་པོ་ཞིག་ཡིན་པར་བརྟེན་ནས་འཛམ་གླིང་ཞི་བདེ་ཡོང་སྲིད་པ་ཞིག་ཡིན་ནའང་སྤྱི་ཚོགས་ཀྱི་སློབ་གསོའི་ལམ་ལུགས་ནི་ཕྱིའི་དངོས་པོའི་ཡར་རྒྱས་ལ་དོ་སྣང་ཆེར་དམིགས་པ་ཞིག་ཡིན་པར་བརྟེན་ནས་འགྲོ་བ་མིའི་ནང་སེམས་ཀྱི་བྱམས་པ་དང་སྙིང་རྗེའི་ཡོན་ཏན་རྣམས་འཕེལ་རྒྱས་གཏོང་རྒྱུ་སོགས་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་རྒྱུ་གལ་ཆེར་གཟིགས་ཏེ་སློབ་གསོའི་ལམ་ལུགས་ནང་ཆོས་ལུགས་གང་ལ་མ་བརྟེན་པའི་བྱམས་པ་དང་སྙིང་རྗེ་གཞི་ལ་བཞག་པའི་སློབ་ཁྲིད་དགོས་པའི་བཀའ་ཕེབས་པ་ལྟར་ཨ་མི་རི་ཀའི་(Emory)གཙུག་ལག་སློབ་གྲྭ་ནས་ལོ་མང་རིང་༧གོང་ས་མཆོག་གི་དགོངས་གཞི་དེའི་ཐོག་མཁས་དབང་དང་ཤེས་ཡོན་སྡེ་ཚན་ནང་ཕྱག་ལས་གནང་མཁན་ཉམས་མྱོང་ཅན་མང་པོ་དང་ལྷན་དུ་གོ་བསྡུར་དང་བགྲོ་གླེང་གནང་བའི་རྗེས་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་༡༢ བར་གྱི་སློབ་ཕྲུག་ཚོར་སློབ་ཁྲིད་བྱ་རྒྱུའི་ཡ་རབས་སྤྱོད་བཟང་དང་འབྲེལ་བའི་སློབ་ཚན་གྱི་བསླབ་གཞི་གཏན་འབེབས་ཟིན་པའི་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་བཅས་ཀྱི་ཤེས་ཡོན་ཞེས་འབོད་པའི་བསླབ་གཞི་དེ་ཕྱི་ཟླ་བཞི་པའི་ཚེས་ ༤ ནས་ ༦ བར་༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ཐོག་བེད་སྤྱོད་གཏོང་རྒྱུ་ཡིན་པའི་དབུ་འབྱེད་མཛད་ཀྱི་ཡོད་པ་རེད།