འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་ཆེ། ༧གོང་ས་མཆོག་གིས།
2019.02.11

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འཛམ་གླིང་གི་ཡུལ་གྲུ་གང་སའི་རྩོམ་པ་པོ་དང་། སྒྱུ་རྩལ་པ། སྨན་པ་དང་འབྱོར་ལྡན་སོགས་མི་སྣ་བཞི་བཅུ་ལྷག་ལ་མཇལ་མོལ་གནང་འདུག
དེ་ཡང་རྒྱ་གར་ནས་སྐྱེས་འཚར་གྱིས་སློབ་སྦྱོང་ཐོབ་ཏེ་ཕྱིས་སུ་ཨ་མི་རི་ཀའི་ནང་གནས་སྡོད་གནང་བཞིན་པ། རྒྱ་གར་མི་རིགས་འཕྲོད་བསྟེན་དང་སྒོམ། སྲོལ་རྒྱུན་སྨན་བཅོས་ཀྱི་ཐབས་ལམ་བཅས་ཀྱི་ཐོག་རྩོམ་པ་པོ་གྲགས་ཅན། སྐུ་ཞབས་ངྷིཔཀ་ཅོཔ་ར་མཆོག་གི་སྣེ་ཁྲིད་གནང་པའི་རྩོམ་པ་པོ་དང་། སྒྱུ་རྩལ་པ། སྨན་པ་དང་འབྱོར་ལྡན་སོགས་འཛམ་གླིང་ཡུལ་གྲུ་གང་ས་ནས་འདུས་པའི་མི་གྲངས་༤༠ ཙམ་ལ། ཕྱི་ཟླ་༢པའི་ཚེས་༡༡ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོས་ཕྱི་དངོས་པོའི་ཡར་རྒྱས་ལ་འབད་བརྩོན་བྱེད་རྒྱུ་མང་དྲགས་པ་དང་། འགྲོ་བ་མིའི་གཞི་རྩའི་ཡོན་ཏན་བྱམས་པ་དང་བརྩེ་བའི་ཐོག་དོ་སྣང་ཉུང་དྲགས་པའི་རྐྱེན་གྱིས། མཚོན་ཆ་ལ་བརྟེན་ནས་མི་གསོད་ཁྲག་སྦྱོར་སོགས་ཆག་སྒོ་སྣ་ཚོགས་ཡོང་བཞིན་པ་ནི། ང་ཚོ་འགྲོ་བ་མི་རང་ཉིད་ཀྱིས་བཟོས་པ་ཞེ་གཅིག་ཡིན་པ་བཀའ་གནང་པ་དང་། དཀའ་ངལ་དེ་རིང་མི་རང་གི་ངོས་ནས་སེལ་ཐུབ་པ་དགོས་ཤིང་། དེ་ཡང་ཐོག་མར་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དགོས་གལ་ཆེ་བ་ཡིན་པ་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཚེ་བ་མེད་པ་ནི་ཁ་ཙམ་དང་ཚིག་ཙམ་གྱིས་འདང་གི་མེད་པར། འཚེ་བ་མེད་པའི་འཛམ་གླིང་ཞིག་ཡོང་བར་མཚོན་ཆ་ཚོང་བསྒྱུར་ཐད་བསམ་བློ་ནན་ཏན་གཏོང་དགོས་ཀྱི་ཡོད་པ་མ་ཟད། མཚོན་ཆ་བཟོ་བསྐྲུན་མཚམས་འཇོག་ལ་གཞུང་གིས་བཀའ་རྒྱ་ཙམ་མིན་པར། མི་མང་གིས་ལས་འགུལ་སྤེལ་གལ་ཆེན་པོ་ཡིན་པ་བཀའ་གནང་པ་དང་། ལྷག་པར་དུ་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་དང་བྲལ་བ་ཞིག་ཡོང་ཆེད་ཁ་ནས་བཤད་བསྡད་པ་ཙམ་མིན་པར། ངེས་པར་དུ་དུས་ཚོད་ཀྱི་བཅད་རྒྱ་བཟོས་ཏེ་ལོ་གཉིས་གསུམ་ནང་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་ཐབས་ཀྱི་དགོངས་ཚུལ་གསུངས་ཤིང་། དགོངས་པ་འདིའི་ཐད་ལོ་འདིར་རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱ་གར་ཡུལ་མི་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ལ་གྲོས་བསྡུར་གྱིས། ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོ་ལྷན་ཚོགས་གནང་འཆར་ཡོད་པ་དང་། ཨ་མི་རི་ཁའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་ཀྱང་གདན་འདྲེན་ཞུ་འཆར་ཡོད་པ་བཀའ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༢ ནང་སྐུ་ཞབས་ཨོ་བྷཱ་མ་མཆོག་རྒྱ་གར་དུ་ཆེད་ཕེབས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཤིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྲིད་འཛིན་ཟུར་པ་ཨོ་བྷཱ་མ་མཆོག་ལ་འཛམ་གླིང་ཞི་བདེ་དང་འཚེ་བ་མེད་པའི་ལྟ་སྤྱོད་གོང་འཕེལ་ཡོང་བར། ཕྱག་ལས་མཇུག་སྐྱོང་གནང་ཐུབ་པ་དང་འོས་པ་ཞིག་ཏུ་གཟིགས་ཚུལ་དགོངས་འཆར་གནང་པ་གསལ་བཤད་གནང་ཞིང་། སྐུ་ཞབས་ཨོ་བྷཱ་མ་མཆོག་ནས་ནས་དེ་ལྟར་ཞལ་བཞེས་གནང་པ་གསུངས་ཡོད་པ་རེད།
ཕྱི་ཚེས་ ༡༡ ཉིན་གྱི་མཇལ་ཁ་གྲུབ་རྗེས་མཇལ་བཅར་བ་ཞིག་གིས། ང་ཚོར་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་ཐབས་བྱེད་སྟངས་དང་། མི་གཅིག་གྱུར་གྱི་འདུ་ཤེས་དགོས་པ། ང་ཚོར་གནས་ཚུལ་ཇི་འདྲ་ཞིག་བྱུང་ན་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་བཀའ་སློབ་འདི་དག་ནི་ཧ་ཅང་གིས་དམིགས་བསལ་དང་སེམས་ཤུགས་འཕེལ་བ། སེམས་འགུལ་ཐེབ་པ་ཞིག་བྱུང་བ་བརྗོད་པ་དང་། ད་དུང་ཁོང་གི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཐུགས་སྤྲོ་སྣང་དོད་པོ་དང་ཧ་ཅང་གི་ཐུག་བག་ཡེངས་པོ་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད།