༧གོང་ས་མཆོག་གིས་ཊུརྐིའི་སྲིད་འཛིན་ཨཱར་རྡོ་གྷན་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ།
ཉེ་ལམ་ནས་ཨེ་ཤེ་ཡ་དང་ཡོ་རོབ་འདྲེས་མཚམས་སུ་ཆགས་པ་དང་།ནུབ་ཀྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་སྒྲིག་འཛུགས་NATOཀྱི་ཁོངས་གཏོགས་ཚོགས་མི་ཡིན་པ། ཊུརྐི་རྒྱལ་ཁབ་ཀྱི་སྲིད་འཛིན་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་བརྒྱུད། སྤྱི་ཟླ་༥པའི་ཚེས་༢༩ཉིན་རྒྱལ་ཁབ་དེའི་སྲིད་འཛིན་ལས་Recep Tayyip Erdoğanཐོག་རེས་སིབ་ཊ་ཡིབ་ཨཱར་རྡོ་གྷན་ལགས་བསྐྱར་དུ་སྲིད་འཛིན་ལ་བདམས་ཐོན་རྒྱལ་ཁ་ཐོབ་པར་བརྟེན། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་བཞུགས་སྒར་ཕོ་བྲང་དུ་ཊུརྐི་སྲིད་འཛིན་ཨཱར་རྡོ་གྷན་ལགས་སུ་འཚམས་འདྲིའི་བཀའ་ཡིག་ཅིག་ཕེབས་པའི་ནང་། ཐོག་མར་སྲིད་འཛིན་ཁོང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་ཏུ། “ངོས་ཀྱི་རེ་བར་ཧ་ཅང་གཉན་འཕྲང་གི་དུས་སྐབས་འདིར། ཊུུར་ཀི་རྒྱལ་ཁབ་ལ་མུ་མཐུད་འབྱོར་ཕྱུག་རྒྱས་ཏེ་ཕན་ཚུན་ལྟོས་འབྲེལ་ཤུགས་ཆེར་འགྱུར་བཞིན་པའི་འཛམ་གླིང་འདིར། ཞི་བདེ་དང་བརྟན་ལྷིང་ཡོང་རྒྱུར་ཊིར་ཀི་རྒྱལ་ཁབ་ཀྱིས་ཞབས་འདེགས་གལ་ཆེན་བསྒྲུབ་ཐུབ་པའི་”ཐུགས་རེ་གནང་གི་ཡོད་པ་འཁོད་ཡོད་པ་མ་ཟད། “སྲིད་འཛིན་མཆོག་གིས་ཊུར་ཀི་མི་མང་སྤྱི་དང་ཁྱད་པར་དབུལ་ཕོངས་ཉམ་ཐག་ཚོའི་རེ་འདོད་སྒྲུབ་སྐབས་སུ། རྐྱེན་ཆག་བར་ཆད་མེད་པར་ཕྱག་ལས་ལམ་ལྷོང་གི་ཐུགས་སྨོན་སྐྱབས་འཇུག་གནང་གི་ཡོད་”ཅེས་ཀྱང་ཕྱག་བྲིས་བཀའ་ཡིག་ཏུ་འཁོད་ཡོད་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་འདི་ལོ་སྤྱི་ཟླ་༢པའི་ནང་ཊུར་ཀི་རྒྱལ་ཁབ་ནང་ས་ཡོམ་རྒྱག་སྐབས་ཀྱང་། ༧གོང་ས་མཆོག་ནས་ཐུགས་གསོའི་འཚམས་འཕྲིན་དང་ཞལ་འདེབས་གནང་ཡོད་ཅིང་། སྤྱི་ལོ་༢༠༡༤ལོ་ནས་འོས་ཐོབ་བརྒྱུད་ད་བར་ཊུར་ཀི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་གནང་མཁན་སྲིད་འཛིན་Recep Tayyip Erdoğanལགས་ནི། སྤྱི་ལོ་༡༩༥༤ལོར་སྐྱེས་ཏེ་སྤྱི་ལོ་༡༩༩༤ལོ་ནས་ཊུར་ཀིའི་རྒྱལ་ས་ཨི་སི་ཏན་བྷོལ་གྱི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་པ་ནས། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་གྲོང་ཁྱེར་གྱི་འཐུང་ཆུའི་དཀའ་ངལ་དང་མཁའ་རླུང་གཙང་སེལ། འགྲིམ་འགྲུལ་གྱི་ལམ་ཁ་འགག་པའི་དཀའ་ངལ་དང་གད་སྙིགས་གཙང་བཟོ་སོགས་ལ་ཕན་ནུས་ཆེན་པོ་ཐོན་པར་བརྟེན། སྐབས་ཤིག་རིང་ཁོང་ལ་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་སོགས་ཀྱི་ཉེས་འཛུགས་ཁྲིམས་ཆད་ཕོག་མིན་ལ་མ་ལྟོས་པར། དྲང་སྙོམ་དང་ཡར་རྒྱས་ཆབ་སྲིད་ཚོགས་པ་Justice and Development Partyགསར་འཛུགས་ཀྱིས། སྤྱི་ལོ་༢༠༠༣ལོ་ནས་༢༠༡༤བར་ཊུར་ཀི་རྒྱལ་ཁབ་ཀྱི་སྲིད་བློན་གྱི་ཐུགས་འགན་བཞེས་ཡོད་པ་མ་ཟད། སྤྱི་ལོ་༢༠༡༤ལོ་ནས་ཡུལ་དེའི་སྲིད་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད། འདི་ལོའི་སྲིད་འཛིན་འོས་འདེམས་སུ་ཁོང་ལ་འོས་ཤོག་བརྒྱ་ཆ་༥༢་༡༤དང་། ཁོང་གི་འགྲན་ཡ་Kılıçdaroğluལ་འོས་ཤོག་བརྒྱ་ཆ་༤༧་༨༦ཡིན་པས། འོས་ཤོག་ས་ཡ་༢ཙམ་གྱི་བར་ཁྱད་ཤོར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།