༸གོང་ས་མཆོག་གིས་མེག་སི་ཁོའི་བེུད་སྲིད་འཛིན་ཐོག་མ་བདམས་ཐོན་བྱུང་བར་འཚམས་འདྲའི་གསུང་འཕྲིན་སྩལ།

2024.06.14
༸གོང་ས་མཆོག་གིས་མེག་སི་ཁོའི་བེུད་སྲིད་འཛིན་ཐོག་མ་བདམས་ཐོན་བྱུང་བར་འཚམས་འདྲའི་གསུང་འཕྲིན་སྩལ། ༸གོང་ས་མཆོག་དང་མེག་སི་ཁོའི་སྲིད་འཛིན་བདམས་ཐོན།
སྒྲིག་བཟོ།/RFA

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༤ ཉིན། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནསམེག་སི་ཁོ་(Mexico)རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུའི་ཁྲོད། ཡུལ་དེའི་དེ་སྔའི་མེག་སི་ཁོ་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་སྐུ་ Claudia Sheinbaum ལགས་སུ་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་བའི་ནང་། ངོས་རང་བུད་མེད་ཀྱི་མགོ་ཁྲིད་བྱེད་པར་ཡུན་རིང་རྒྱབ་སྐྱོར་དང་སྐུལ་སློང་བྱེད་མཁན་ཞིག་ཡིན་པས་ངོས་ནས། འཛམ་གླིང་འདིར་བུད་མེད་གོ་ཁྲིད་མང་པོ་ཞིག་ཡོང་བ་ཡིན་ན་སྔར་ལས་ཞི་བདེ་དང་ཕན་ཚུན་བསམ་ཤེས་ལྡན་པ་ཞིག་ཡོང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་སྐོར་གསུངས་འདུག

གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ནང་། བུད་མེད་ཚོར་མཚོན་ན་གཞན་གྱི་བདེ་སྡུག་ལ་བསམ་ཤེས་དང་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་ཤེས་སྐྱེན་པོ་ཡོད་པ་དང་། ངོས་ཀྱིས་བུད་མེད་ཀྱི་ཡོན་ཏན་དེ་རིགས་ཐོག་མར་ངོས་ཀྱི་བརྩེ་བའི་མ་ཡུམ་ལགས་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། གཞན་ཡང་ཚན་རིག་པས་བུད་མེད་ཚོས་གཞན་གྱི་བདེ་སྡུག་ལ་བསམ་ཤེས་ཀྱི་ཚོར་སྣང་སྐྱེན་པོ་ཡོད་པའི་བདེན་དཔང་ཡོད་སྟབས། ངོས་ནས་བུད་མེད་ཚོར་གོ་ཁྲིད་ནང་གོ་སྐབས་སྤྲོད་དགོས་པའི་རྒྱབ་སྐྱོར་དང་སྐུལ་སློང་དུས་ཡུན་རིང་པོ་ནས་བྱས་པ་ཡིན་ལ། དེ་ནི་ངོས་ལ་མཚོན་ན་སྤོབས་པ་སྐྱེས་གཞི་ཞིག་ཆགས་ཡོད་སྐོར་གསུངས་འདུག

ཡང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད། གལ་སྲིད་ང་ཚོའི་འགོ་ཁྲིད་ཚོའི་ཁྲོད་དུ་བུད་མེད་མང་པོ་ཞིག་ཡོད་པ་ཡིན་ན། ངོས་ལ་འཛམ་གླིང་འདི་སྔར་ལས་ཞི་བདེའི་གནས་ཤིག་དང་ཕན་ཚུན་བསམ་ཤེས་ལྡན་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ལ། དོན་ངོ་མར་འགྲོ་བ་མིའི་ལོ་རྒྱུས་ཀྱི་ནང་དུ་དཔའ་རྟུལ་ཕལ་ཆེ་བ་ནི་སྐྱེས་པ་ཡིན་པ་གསལ་ཡོད་ན་ཡང་། བུད་མེད་ཚོར་གཞན་གྱི་བདེ་སྡུག་ལ་སེམས་ཁུར་དང་སེམས་པ་བཟང་པོ་ཡོད་པ་གསུངས་འདུག

མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ངོས་རང་དེ་སྔ་མེག་སི་ཁོ་རུ་གཟིགས་སྐོར་དང་འབྲེལ། ཡུལ་དེའི་མི་མང་གིས་ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་གཞི་རྩའི་རིན་ཐང་ཡར་རྒྱས་དང་འགྲོ་བ་མི་གཅིག་གྱུར་ཐད་འབད་བརྩོན་བྱེད་བཞིན་པར་དོ་སྣང་དང་དགའ་གུས་ཆེན་པོ་བྱས་སོང་བས། ངོས་ནས་ལྕམ་སྐུ་ Sheinbaum ལགས་ཀྱི་ལས་ཡུན་རིང་མདུན་དུ་ལྷག་པའི་དཀའ་ཁག་ལ་གདོང་ལེན་དང་། གོ་སྐབས་དམ་འཛིན་གྱིས་མེག་སི་ཁོ་མི་མང་གཙོས་འཛམ་གླིང་ཡོངས་ཀྱི་བདེ་སྐྱིད་གོང་འཕེལ་གཏོང་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་འདུག

གཞི་རྩའི་ལྕམ་སྐུ་ Claudia Sheinbaum ལགས་ནི་མེག་སི་ཁོ་རྒྱལ་ཁབ་ཀྱི་སྲིད་དོན་པ་དང་ཁོར་ཡུག་ཆེད་མཁས་པ། དེ་སྔ་མེག་སི་ཁོ་གྲོང་ཁྱེར་སྤྱི་ཁྱབ་པ་བཅས་བྱས་མྱོང་ཡོད་པ་དང་། ཁོ་མོ་ནི་ལོ་རྒྱུས་ཁྲོད་ཡུལ་དེའི་ནང་བུད་མེད་ཅིག་དང་ལྷག་པར་དུ་རྗེའུ་མི་རིགས་ཀྱི་བུད་མེད་ཅིག་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ཐོག་མ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༦ པའི་ནང་ཁོ་མོ་ཡུལ་དེའི་རྒྱལ་ཡོངས་བསྐྱར་བཅོས་ལས་འགུལ་གྱི་འོས་མི་བརྒྱུད། ཡུལ་དེའི་སྲིད་འཛིན་འོས་མིར་ལངས་ཏེ་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད་འདུག

གསར་འགོད་པ། དཔལ་འབར། བདེ་ཆེན་དབང་མོ།  
རྩོམ་སྒྲིག་པ། བསྟན་འཛིན་པདྨ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎