༸གོང་མཆོག་གིས། ཅན་རྡརཱ་ཡཱན་མཁའ་དབྱིངས་འཕུར་གྲུ་ ༣ པ་དེ་ཉིད་ཟླ་བའི་ལྷོ་སྣེར་བབས་ཚུགས་ཐུབ་པར་བསྔགས་བརྗོད་མཛད་པ།
འདི་ཚེས་ ༢༤ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་མཚན་ཐོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་། ཅན་རྡརཱ་ཡཱན་ཟླ་བའི་མཁའ་དབྱིངས་འཕུར་གྲུ་ ༣ པ་དེ་ཉིད་ཟླ་བའི་ལྷོ་སྣེར་ལེགས་པར་བབས་ཚུགས་ཐུབ་པ་ནི། རྒྱ་གར་གྱི་མི་རིགས་ཚོས་གནའ་སྔ་མོ་ནས་ཚན་རིག་ལག་རྩལ་ལ་ཐུགས་སྣང་གནང་བར་ལེགས་སྐྱེས་ཤིག་ཡིན་ཞེས་དང་། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ལྟེ་གནས་ཁང་དང་། དེའི་ཚན་རིག་པ་ཡོངས་ལ་བསྔགས་བརྗོད་ཡོད། ཅེས་དང་། ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་དུས་ཡུན་རིང་ཤོས་དེ་ཡིན་སྟབས། དེ་ལྟ་བུའི་རླབས་ཆེན་གྱི་བྱ་གཞག་གྲུབ་པར་ཐུགས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག
ཕྱི་ལོ་ ༡༩༥༠ ནས་འཛམ་གླིང་ཐོག་བར་སྣང་དུ་བསྐྱོད་རྒྱུའི་འགྲན་རྩོད་ཤུགས་ཆེ་བྱུང་ཡོད་ཅིང་། དེ་ནི་གཙོ་བོ་རྒྱལ་ཁབ་ཅིག་གི་ཚན་རྩལ་གྱི་སྟོབས་ཤུགས་ངོམ་རྒྱུའི་ཆེད་དམིགས་པ་ཞིག་ཡིན་འདུག
འདི་ཚེས་ ༢༣ ཉིན་རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ལྟེ་གནས་ཁང་ངམ་ Indian Space Research Organization ནས་ཅན་རྡརཱ་ཡཱན་ཟླ་བའི་མཁའ་དབྱིངས་འཕུར་གྲུ་ ༣ པ་དེ་ཟླ་བའི་གྲོང་ཁྱེར་གྱི་ལྷོ་སྣེར་བབས་ཚུགས་ཐུབ་པ་ནི་ལོ་རྒྱུས་སྟེང་ཐོག་མ་དེ་ཆགས་ཀྱི་འདུག་ཅིང་། རྒྱལ་སྤྱིའི་ཁྲོད་རྒྱ་གར་གྱི་ཚན་རྩལ་ཐོག་གདེང་འཇོག་ཆེན་པོ་ཐོབ་པ་ཚན་རིག་གི་འབུམ་རམས་པ་མོ་ཧན་ཇོར་ཇ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ལྟེ་གནས་ཁང་གིས་རླབས་ཆེན་གྱི་བྱ་གཞག་ལེགས་སྒྲུབ་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་ཚན་རིག་པ་གྲགས་ཅན་ Vikram Sarabhai ལགས་ཀྱིས་སྣེ་འཁྲིད་དེ་ད་ལྟའི་ཚན་རིག་པ་ཚོས་སྐུ་ལས་བསྐྱོན་པ་ཞིག་རེད། རྒྱ་གར་གྱིས་ཟླ་བའི་ལྷོ་སྣེར་མཁའ་དབྱིངས་འཕུར་གྲུ་དེ་ཉིད་བབས་ཚུགས་ཐུབ་པ་ནི། རྒྱལ་སྤྱིའི་སྟེང་སྤོབས་པ་བྱེད་དགོས་པ་ཞིག་དང་། དེས་མ་འོངས་འཛམ་གླིང་སྤྱི་ལ་ཚན་རྩལ་གྱི་གྲུབ་དོན་གསར་པ་ཞིག་རྙེད་རྒྱུའི་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་ཅན་རྡརཱ་ཡཱན་མཁའ་དབྱིངས་འཕུར་གྲུ་ ༣ པ་དེ་ཉིད་ཟླ་བའི་གྲོང་ཁྱེར་གྱི་ལྷོ་སྣེར་གཏོང་དགོས་དོན་རྒྱུ་མཚན་གསུམ་ཡོད་པ་ནི། དང་པོ། ཟླ་བའི་གྲོང་ཁྲེར་གྱི་ལྷོ་སྣེར་བབས་ཚུགས་ཐུབ་རྒྱུར་དམིགས་པ། གཉིས་པ། ཅན་རྡརཱ་ཡཱན་མཁའ་དབྱིངས་འཕུར་གྲུ་ ༣ པའི་ནང་ཡོད་པའི་ Rover རམ་འཕུར་གྲུ་ཆུང་བ་ཞིག་ཡོད་པ་དེ་ཟླ་བའི་གྲོང་ཁྱེར་གྱི་ངོས་སུ་གཏོང་ཐུབ་མིན་བལྟ་རྒྱུ། གསུམ་པ་ནི། ཟླ་བའི་གྲོང་ཁྱེར་སྟེང་འཁྱག་རོམ་རིགས་སོགས་ལ་ཉམས་ཞིབ་ཀྱི་ཅ་དངོས་མཁོ་སྒྲུབ་བྱ་རྒྱུ་དེ་དག་ཡིན་འདུག
ད་བར་ཟླ་བའི་གྲོང་ཁྱེར་སྟེང་ཨ་རི་དང་། ཨུ་རུ་སུ། རྒྱ་ནག དེ་བཞིན་རྒྱ་གར་བཅས་རྒྱལ་ཁབ་བཞིས་མཁའ་དབྱིངས་འཕུར་གྲུ་ལེགས་གྲུབ་ངང་བབས་ཚུགས་ཐུབ་པ་ཡོད་ཅིང་། དེ་ཡང་རྒྱ་གར་གྱི་ཅན་རྡརཱ་ཡཱན་མཁའ་དབྱིངས་འཕུར་གྲུའི་གི་རིན་འབབ་ནི་ཨ་སྒོར་ས་ཡ་ ༧༥ ཙམ་ཡིན་པ་དང་། རིན་འབབ་དེ་ནི་ Hollywood ཡི་གློག་བརྙན་བཟོ་སྐྲུན་བྱས་པའི་རིན་གོང་འགའ་ཤས་ལས་ཀྱང་ཆུང་བ་ཡོད་པ་རེད་འདུག
ཐེངས་འདིའི་རྒྱ་གར་གྱི་ཅན་རྡརཱ་ཡཱན་མཁའ་དབྱིངས་འཕུར་གྲུ་དེ་ཉིད་ཟླ་བའི་གྲོང་ཁྱེར་གྱི་ལྷོ་སྣེར་བབས་ཚུགས་པ་དེས་རྒྱ་གར་ཡུལ་མི་སྤྱི་དང་། ལྷག་པར་ཚན་རྩལ་ལ་དགའ་བའི་རྒྱལ་ཁབ་མང་དག་ཅིག་ནས་དགའ་ཚོར་ཆེན་པོ་གནང་ཡོད་ཅིང་། ཡང་སྒོས་བོད་རིགས་ཚོས་ཀྱང་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་གར་གཞུང་དམངས་གཉིས་ལ་དགའ་ཚོར་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་པའི་ཁྲོད། རྒྱ་གར་མུམ་བྷེ་མངའ་སྡེ་ནས་ཡིན་པ་ཨེ་ལི་ཤ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཅན་རྡརཱ་ཡཱན་ཟླ་བའི་མཁའ་དབྱིངས་འཕུར་གྲུ་ ༣ པ་དེ་ནི་རྒྱ་གར་གྱིས་ངོས་ནས་འཛམ་གླིང་ལ་ཚན་རྩལ་ཐོག་ལེགས་སྐྱེས་ཆེན་པོ་ཞིག་རེད།ང་ཚོས་འཛམ་བུ་གླིང་འདིར་ཐོག་མ་ཀླད་ཀོ་ནས་མགོ་འཛུགས་ཀྱིས་བྱས་རྗེས་མང་དག་ཅིག་བཞག་ཡོད།དེ་རིང་གི་གྲུབ་འབྲས་དེས་འཛམ་བུ་གླིང་ལ་བྱས་རྗེས་ཆེན་པོ་ཞིག་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བཞུགས་སྒར་རྟེན་གཞི་བྱས་པའི་སངས་རྒྱས་ཆོས་འཛོམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་སྔོན་ཅན་རྡརཱ་ཡཱན་མཁའ་དབྱིངས་འཕུར་གྲུ་ ༢ པ་དེ་ལམ་ལྷོང་མ་བྱུང་ཡང། རྒྱ་གར་གྱིས་སེམས་ཤུགས་མ་ཆགས་པར་ད་ལན་ལེགས་གྲུབ་བྱུང་བ་བཞིན། བོད་མི་ཚོས་ཀྱང་སེམས་ཤུགས་མ་ཆགས་པར་གནས་རྒྱུ་གལ་ཆེ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་། ཅན་རྡརཱ་ཡཱན་མཁའ་དབྱིངས་འཕུར་ ༣ པ་དེ་ནི་རྒྱ་གར་གྱི་ངོས་ནས་འཛམ་གླིང་ལ་ཚན་རྩལ་ཐོག་ལེགས་སྐྱེས་ཆེན་པོ་ཞིག་རེད། ང་ཚོས་འཛམ་བུ་གླིང་འདིར་ཐོག་མ་ཀླད་ཀོར་ནས་འགོ་འཛུགས་ཀྱིས་བྱས་རྗེས་མང་དག་ཅིག་བཞག་ཡོད། དེ་རིང་གི་གྲུབ་འབྲས་དེས་འཛམ་བུ་གླིང་ལ་བྱས་རྗེས་ཆེན་པོ་ཞིག་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ལྟེ་གནས་ཀྱི་ཅན་རྡརཱ་ཡན་མཁའ་དབྱིངས་འཕུར་གྲུ་ ༣ པ་དེ་ནི་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་ Sriharikota འབབ་ཚུགས་ནས་ཟླ་བའི་ངོས་སུ་འཕུར་འགོ་བཙུགས་ཏེ་ཉིན་གྲངས་ ༤༠ རྗེས་ཟླ་བའི་གྲོང་ཁྱེར་གྱི་ལྷོ་སྣེར་ལེགས་གྲུབ་ངང་བབས་ཚུགས་ཐུབ་པ་བྱུང་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།