༸གོང་ས་མཆོག་གིས། སེམས་ལ་ཞི་བདེ་བྱུང་བ་དེས་ཚེ་སྲིང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་བ།

2023.08.19
༸གོང་ས་མཆོག་གིས། སེམས་ལ་ཞི་བདེ་བྱུང་བ་དེས་ཚེ་སྲིང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་བ། ༸གོང་ས་མཆོག་གིས་ལ་དྭགས་གཤམ་མཁར་རྩེ་རུ་སྒྲོལ་དཀར་གྱི་ཚེ་དབང་སྩལ་བའི་སྐབས། ༢༠༢༣།༠༨།༡༩ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལ་དྭགས་གཤམ་མཁར་ལ་རྩེར་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་བཀའ་དྲིན་བསྐྱངས་སྐབས། ༸གོང་ས་མཆོག་གིས། དེ་རིང་ཚེ་དབང་ཞུ་རྒྱུ་དོན་གཙོ་བོ་ནི། ཚེ་བསྲིང་རྒྱུ་དེ་ཡིན། ཞེས་དང་། གཙོ་བོར་སེམས་ལ་ཞི་བདེ་ཡག་པོ་ཞིག་བྱུང་ན་དེས་ཚེ་སྲིང་ཐུབ་ཀྱི་རེད། ཅེས་དང་། ཚེ་དབང་གི་སྙིང་པོ་དེ་སེམས་བཟང་པོ་བྱ་རྒྱུ་དང་། བདེན་འཛིན་གྱི་རྣམ་རྟོག་ཡོང་བ་དེར། སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་བསམ་བློ་གཏང་རྒྱུ་གལ་ཆེ་ཡིན་ཞེས་དང་། མདོར་ན། སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་ནི་ཚེ་སྒྲུབ་ཀྱི་མཆོག་ཏུ་གྱུར་པ་དེ་རེད་ཅེས་བཀའ་སྩལ་སོང་།
ཡང་དེ་རིང་སྒྲོལ་དཀར་གྱི་ཚེ་དབང་མ་སྩལ་གོང་། ༸གོང་ས་མཆོག་གིས་ལ་དྭགས་གཤམ་མཁར་ལ་རྩེ་ནས་ཡིན་པ་དང་དགུང་ལོ་ ༡༠༦ ཡིན་པ་རྨོ་བོ་སྒྲོལ་མ་བུ་ཁྲིད་ལགས་སུ་མཇལ་ཁ་སྩལ་བ་དེས། རྟེན་འབྲེལ་ཡག་པོ་བྱུང་། ཞེས་དང་། བླ་མའི་ཚེ་ནི་གདུལ་བྱའི་དད་མོས་དང་འབྲེལ་བ་ཡོད་པ་ཆགས་ཡོད། ཅེས་དང་། དེང་སང་འཛམ་གླིང་འདིའི་སྟེང་དེ་སྔ་སངས་རྒྱས་པའི་ཆོས་ཉམས་ལེན་བྱས་མིན་ལ་མ་བལྟོས་པར། ངོས་ལ་དགའ་མོས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ངོས་རང་ཚེ་རིང་དུ་བསྡད་རྒྱུའི་སེམས་ཤུགས་ཕར་མ་ཞིག་ཡོང་གི་འདུག ཅེས་དང་། གཙོ་བོ་དད་ལྡན་མང་ཚོགས་ཀྱི་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེས། ངོས་རང་ཚེ་རིང་པོར་སྡོད་རྒྱུའི་ཕན་ཐོགས་གཏན་གཏན་ཡོང་གི་རེད་ཅེས་བཀའ་སྩལ་སོང་།
ཡང་རྨོ་བོ་སྒྲོལ་མ་བུ་ཁྲིད་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་རིང་༸གོང་ས་མཆོག་གི་ཕྱག་དབང་ཐོབ་པ་དེར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ལ། ད་ནི་རང་ཉིད་འཆི་ནའང་འགྱོད་པ་མེད་ཅེས་འགྲེལ་བརྗོད་གནང་བྱུང་།

2023-08-19khaltsi-G06_SA17946.jpg
ཐེངས་འདིའི་༸གོང་ས་མཆོག་གི་ལ་དྭགས་གཤམ་མཁར་ལ་རྩེར་ཉིན་གཉིས་ཀྱི་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུའི་གོ་སྐབས་ཐོབ་པ་དེ་ནི། ལ་དྭགས་ནང་ཚོགས་གཤམ་ཡན་ལག་དང་ཡུལ་མི་བཅས་ནས་གསོལ་བ་བཏབ་པ་ཞིག་ཆགས་ཀྱི་འདུག་ཅིང་། ལ་དྭགས་ནང་ཚོགས་གཤམ་ཡན་ལག་གི་ཚོགས་གཙོ་ཚེ་དབང་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༸གོང་ས་མཆོག་འདིར་ཆིབས་སྒྱུར་གྱི་གོ་སྐབས་ཐོབ་པ་ནི་ཧ་ཅང་གཏམ་བཟང་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། གཤམ་མི་མང་ནས་༸གོང་ས་མཆོག་འདིར་ཆིབས་སྒྱུར་གྱི་རེ་བ་ལོ་ ༤༠ ནས་ ༥༠ བར་བཅངས་ནས་བསྡད་ཡོད། གཤམ་མི་མང་གི་༸གོང་ས་མཆོག་ལ་དད་པ་ཇི་ཙམ་ཡོད་མེད་དེ་རྣམ་པ་ཚོས་གཟིགས་ཡོད་རེད། ༸གོང་ས་མཆོག་གིས་ཀྱང་གཤམ་མི་མང་རྣམས་ཀྱི་སེམས་ནང་ཆོས་ལ་དད་པ་འདུག་ཅེས་གསུངས་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་གཤམ་མཁར་ལ་རྩེར་ཉིན་གཉིས་ཀྱི་བཀའ་ཆོས་ལེགས་པར་གྲུབ་སྟེ། ལ་དྭགས་ཞི་བའི་ཕོ་བྲང་དུ་ཐད་འཕུར་གནམ་གྲུ་བརྒྱུད་ཆིབས་ཐོན་མཛད་ཡོད་པ་རེད། གཞི་རྩའི་གཤམ་ལྗོངས་ནི་ས་ཆའི་རྒྱ་ཁྱོན་ཆེ་ཞིང་། ཡུལ་མི་ཁྱོན་ཁྲི་ ༤ཙམ་ཡོད་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎