སྤྱི་ནོར་༧གོང་ས་མཆོག་གིས་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་འདུག

2023.11.06
སྤྱི་ནོར་༧གོང་ས་མཆོག་གིས་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་འདུག སྤྱི་ནོར་༧གོང་ས་མཆོག་གིས་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་ཐུགས་གསོ་མཛད་འདུག
སྒྲིག་བཟོ།/AFP

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༣རེས་གཟའ་པ་སངས་ཀྱི་མཚན་མོར་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་ཡུལ་དེའི་མི་མང་ཡོངས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེས་ཀྱི་འཚམས་འཕྲིན་ཞིག་འདི་ཚེས་༦ཉིན་བལ་ཡུལ་སྲིད་བློན་(Pushpa Kamal Dahal)་མཆོག་གིས་མཚན་ཐོག་བསྩལ་གནང་ཡོད་པའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རང་བྱུང་རྐྱེན་ངན་ཚབས་ཆེའི་འོག་འདས་གྲོངས་སུ་གྱུར་བའི་སྤུན་ཟླ་ཕོ་མོ་རྣམས་ལ་ཐུགས་སྨོན་དང་འདས་གྲོངས་སུ་གྱུར་མཁན་གྱི་ནང་མི་དང་གནོད་འཚེ་ཕོག་མཁན་ཡོངས་ལ་ཐུགས་གསོ་ཡོད། ངོས་ཀྱིས་ཤེས་རྟོགས་བྱུང་བར་བལ་ཡུལ་གཞུང་དང་ཚོགས་སྡེ་ཁག་གིས་གནོད་འཚེ་ཕོག་པའི་མི་མང་རྣམས་ལ་གང་ཐུབ་ཀྱི་ངལ་སེལ་རོགས་རམ་དང་རྒྱབ་སྐྱོར་གནང་མུས་རེད་འདུག བལ་ཡུལ་གྱི་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་ངལ་སེལ་དང་རོགས་རམ་ཆེད་དུ་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་འཁོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བལ་ཡུལ་ནང་གནས་སྡོད་བོད་མི་བཟང་པོ་ལགས་ཀྱིས་གསུངས་ན། འདི་ཚེས་༣ཉིན་གྱི་མཚན་མོ་ཆུ་ཚོད་༡༡དང་སྐར་མ་༤༥ཙམ་ལ་བལ་ཡུལ་གྱི་བྱང་ནུབ་(Jajarkot)་རྫོང་ཁོངས་སུ་ས་ཡོམ་འགུལ་ཚད་རིམ་པ་དྲུག་དང་གྲངས་ཆུང་བཞི་ཅན་ཞིག་བརྒྱབ་ནས་ད་བར་ཉུང་མཐར་མི་གྲངས་༡༥༧འདས་གྲོངས་སུ་ཕྱིན་པ་དང་། མི་༢༠༠ལྷག་ལ་རྨས་སྐྱོན་བྱུང་ཡོད་པ། ཁང་ཁྱིམ་བརྒྱ་ཆ་༩༠ཙམ་རྡིབ་སྐྱོན་བྱུང་ཡོད་ན་ཡང་བལ་ཡུལ་གྱི་རྒྱལ་ས་ཀཐི་མན་ཀྲོའུ་ནང་ས་ཡོམ་གྱི་རྐྱེན་པས་མི་རྒྱུ་གཉིས་ལ་གནོད་འཚེ་གང་ཡང་བྱུང་མེད་པ་གསུངས་བྱུང་།
བལ་ཡུལ་ནང་དེ་སྔ་སྤྱི་ལོ་༢༠༡༥ལོར་ས་ཡོམ་འགུལ་ཚད་བརྒྱད་ཅན་ཞིག་བྱུང་ནས། སྐབས་དེར་ཉུང་མཐར་མི་གྲངས་༩༠༠༠ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་མི་གྲངས་ཁྲི་གཉིས་ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎