༧གོང་ས་མཆོག་གིས་ཐུགས་གསོ་དང་ཐུགས་སྨོན་གནང་འདུག


2016.10.14
འབྲུག་རྒྱལ་བོ་མཆོག་གིས་ཐེ་ལེན་ཊེའི་རྒྱལ་པོ་འདས་གྲོངས་སུ་གྱུར་བར་མཆོད་འབུལ་གནང་བཞིན་པ། ༢༠༡༦།༡༠།༡༣ འབྲུག་རྒྱལ་བོ་མཆོག་གིས་ཐེ་ལེན་ཊེའི་རྒྱལ་པོ་འདས་གྲོངས་སུ་གྱུར་བར་མཆོད་འབུལ་གནང་བཞིན་པ། ༢༠༡༦།༡༠།༡༣
FB/King

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལེན་ཊེའི་རྒྱལ་པོ་བྷུ་མི་བྷོལ་ཨ་དུལ་ཡ་དེ་ཇི་མཆོག་འདས་གྲོངས་སུ་གྱུར་བར་ཁོང་གི་བཙུན་མོ་གཙོས་པའི་སྐུ་འཁོར་རྣམས་དང་ཐེ་ལེན་ཊེའི་མི་མང་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་གནང་དང་སྦྲགས་ཐུགས་སྨོན་མཛད་འདུག
དེ་ཡང་༧གོང་ས་མཆོག་གིས་ཐེ་ལེན་ཊེའི་རྒྱལ་པོ་བྷུ་མི་བྷོལ་ཨ་དུལ་ཡ་དེ་ཇི་མཆོག་འདས་གྲོངས་སུ་གྱུར་བར་ཁོང་གི་བཙུན་མོ་སི་རི་ཀི་ཌི་(Sirikit )་མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། རྒྱལ་པོ་ཞིང་གཤེགས་དམ་པ་ཁོང་ནི་མི་ལོ་༧༠་ལྷག་རིང་ཐེ་ལེན་ཊེའི་མི་དམངས་རྣམས་ཀྱི་སྙིང་སྟོབས་ཀྱི་གཞི་རྩ་དང་རེ་བའི་བྱུང་ཁུངས་ཤིག་ལ་ངོས་འཛིན་ཞུས་ཡོད་པ་དང་། ད་ལྟ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་༧མགོན་པོ་གང་ཉིད་མཆོག་གིས་བཙུན་མོ་མཆོག་དང་རྒྱལ་པོའི་ནང་མི་སྐུ་འཁོར་རྣམས། དེ་བཞིན་ཐེ་ལེན་ཊེའི་མི་མང་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས་ཐུགས་གསོ་མཛད་པ་མ་ཟད། ཕྱི་ལོ་༡༩༦༧་ལོར་༧གོང་ས་མཆོག་ཡུལ་དེར་ཐོག་མར་ཆིབས་བསྒྱུར་བསྐྱངས་སྐབས་རྒྱལ་པོ་ཞིང་གཤེགས་དམ་པ་ཁོང་དང་མཇལ་འཕྲད་གནང་སྐོར་ཐུགས་དྲན་གསོ་མཛད་གནང་འདུག
དེ་དང་འབྲེལ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཀྱང་ཐེ་ལེན་ཊེའི་རྒྱལ་པོ་མཆོག་འདས་གྲོངས་སུ་གྱུར་བར་ཁོང་གི་སྐུ་འཁོར་རྣམས་དང་། ཐེ་ལེན་ཊེའི་མི་དམངས་རྣམས་ལ་ཐུགས་གསོའི་ཕྱག་ཡིག་གནང་བའི་ནང་། རྒྱལ་པོ་དམ་པ་དེ་ཕྱི་ལོ་༡༩༥༠་ལོའི་ཕྱི་ཟླ་༥་ཚེས་༥་ཉིན་རྒྱལ་པོར་ཁྲི་འདོན་གནང་བ་བཟུང་། ཁོང་ནི་ཐེ་ལེན་ཊེའི་མི་མང་གི་རེ་བའི་འོད་ཟེར་དང་གཟི་བརྗིད་མཚོན་པ་གནང་ཡོད། ཁོང་གིས་ལོ་༧༠་རིང་རྒྱལ་སྲིད་སྐྱོང་སྐབས་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཆེད་ཆོད་སེམས་བརྟན་པོའི་སྒོ་ནས་ངལ་བ་འཛེམས་མེད་ཀྱིས་འབད་བརྩོན་གནང་སྟབས་རྒྱལ་ཁབ་དེ་བཞིན་དཔལ་འབྱོར་དང་ཆོས་ཕྱོགས་གཉིས་ཀ་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྣེ་ཁྲིད་གནང་སྐོར་དང་། བོད་དང་ཐེ་ལེན་ཊེ་གཉིས་ནང་པའི་མཆེད་གྲོགས་ཡིན་སྟབས་བོད་ཀྱིས་ཐེ་ལེན་ཊེ་དང་འབྲེལ་བ་སྤྱི་དང་ལྷག་དོན་དུ་ཆོས་ཕྱོགས་ཀྱི་མཛའ་འབྲེལ་གཏིང་གཟབ་མཉམ་སྤྱོད་གནང་གི་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་ཆིབས་བསྒྱུར་བསྐྱངས་པའི་རྗེས་སུ་ཆིབས་བསྒྱུར་བསྐྱངས་ཡུལ་ཐོག་མ་དེ་ཐེ་ལེན་ཌེ་ཡིན་པ་དང་། ༧གོང་ས་མཆོག་ཐེ་ལེན་ཌེའི་ནང་ཕྱི་ལོ་༡༩༦༧་དང་ཕྱི་ལོ་༡༩༧༢་ལོ་གཉིས་ལ་ཆིབས་བསྒྱུར་བསྐྱངས་སྐབས། རྒྱལ་པོ་མཆོག་གིས་གུས་བརྩི་ཆེན་པོའི་སྒོ་ནས་སྣེ་ལེན་ཞུ་པ་ཁག་བོད་མི་རྣམས་ཀྱིས་ད་ལྟའི་འཆར་ཡང་ཡིད་ལ་དྲན་གྱི་ཡོད་པ་དང་། སེམས་སྡུག་ཆེ་བའི་དུས་ཚོད་འདིར་བོད་མི་མང་གིས་ཐེ་ལེན་ཌེའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཡི་ཡོད་སྐོར་གོང་ཞུས་ཕྱག་ཡིག་ནང་བཀོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎