འགྲོ་བ་མིའི་རིགས་ནི་ཨ་མའི་བྱམས་བརྩེ་ལས་འཁྲུངས་པ་ཡིན་པས། ང་ཚོར་སྙིང་རྗེའི་ཚོར་བ་དང་ས་བོན་ཡོད་པ་དེ་ཕན་རླབས་ཆེན་པོ་ཡིན་ཞེས། ༧གོང་ས་མཆོག་གིས་བཀའ་སྩལ་བ།

2022.10.19
འགྲོ་བ་མིའི་རིགས་ནི་ཨ་མའི་བྱམས་བརྩེ་ལས་འཁྲུངས་པ་ཡིན་པས། ང་ཚོར་སྙིང་རྗེའི་ཚོར་བ་དང་ས་བོན་ཡོད་པ་དེ་ཕན་རླབས་ཆེན་པོ་ཡིན་ཞེས། ༧གོང་ས་མཆོག་གིས་བཀའ་སྩལ་བ། སྤྱི་ཟླ་༡༠པའི་ཚེས་༡༩ཉིན། བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་དང་ལྷན་ཉི་མ་གཉིས་རིང་། བྱམས་བརྩེ་ལྡན་པའི་མགོ་ཁྲིད་ལྷན་ཚོགས་ཀྱི་བརྗོད་གཞིའི་ལམ་ནས་གཞོན་སྐྱེས་ཚོའི་བདེ་སྡུག་བརྗོད་པ་དང་འབྲེལ། དྲི་བ་ལ་བཀའ་ལན་གྱི་ལས་རིམ་སྐབས།
OHHDL

སེམས་ཁམས་བདེ་ཐང་ལྟེ་གནས་ཁང་དུ་འབོད་པའི་ཚན་རིག་པ་གྲགས་ཅན་རི་ཆར་ཊི་ཌ་ཝི་ཌི་སོན་དང་། མྱོང་ཚོར་ཚན་རིག་པ་ཌཱ་ནིལ་གྷོལ་མཱན་དང་ཁོང་གི་སྐུ་ཟླ་ཏཱ་ར་གྷོལ་མཱན་སོགས་ནས་གོ་སྒྲིག་གནང་སྟེ། འཛམ་གླིང་ས་ཕྱོགས་གང་ས་ནས་གཞོན་སྐྱེས་མགོ་ཁྲིད་བཅོ་ལྔ་ཆེད་དུ་གདན་ཞུས་ཀྱིས། བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་དང་ལྷན་ཉི་མ་གཉིས་རིང་། བྱམས་བརྩེ་ལྡན་པའི་མགོ་ཁྲིད་ལྷན་ཚོགས་ཀྱི་བརྗོད་གཞིའི་ལམ་ནས་གཞོན་སྐྱེས་ཚོའི་བདེ་སྡུག་བརྗོད་པ་དང་འབྲེལ། དྲི་བ་ལ་བཀའ་ལན་གྱི་ལས་རིམ་སྤྱི་ཟླ་༡༠པའི་ཚེས་༡༩ཉིན། ༧གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ནི་ཨ་མའི་བྱམས་བརྩེ་ལས་འཁྲུངས་པ་ཡིན་པས། མི་ཚང་མ་ལ་ཐོག་མ་ནས་སྙིང་རྗེའི་ཚོར་བ་དང་ས་བོན་ཡོད་པ་དེ་ཕན་རླབས་ཆེ་བ་བཀའ་གནང་གི་འདུག

རྒྱ་ཆེ་ས་ནས་བལྟས་ན་འཛམ་གླིང་ནི་དེ་འདྲའི་ཐབས་སྡུག་ཅིག་མིན་པ་མ་ཟད། འགྲོ་བ་མི་རིགས་ནི་ཨ་མའི་བྱམས་བརྩེ་ལས་འཁྲུངས་པ་ཡིན་པས། ང་ཚོ་ཚང་མ་ལ་ཏན་ཏན་ཐོག་མ་ནས་སྙིང་རྗེའི་ཚོར་བ་དང་ས་བོན་ཡོད་པ་དེ་ཕན་རླབས་ཆེན་པོ་རེད། ངོས་ནས་བསམས་ན་གཅན་གཟན་གྱི་རིགས་ལ་དེ་ཙམ་གྱི་སྙིང་རྗེའི་ཚོར་བ་ཡོད་རྒྱུ་མ་རེད་སྙམ། འགྲོ་བ་མིའི་རིགས་ལ་ཐོག་མ་ནས་གཞན་གྱི་བདེ་སྡུག་ལ་དོ་ཁུར་གྱི་རྣམ་འགྱུར་ཅིག་ཡོད་པ་ནི། ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པས་རེད་ལ་དེ་ནི་འགྲོ་བ་མིའི་བཟང་པོའི་ཡོན་ཏན་གྱི་ས་བོན་རེད་ཅེས་བཀའ་གནང་གི་འདུག་ཅིང་།

གཞོན་སྐྱེས་དེ་ཚོའི་ནང་དམག་འཁྲུག་དང་རྩོད་རྙོག་གིས་དཀའ་ངལ་འཕྲད་པ་དང་། ནང་མི་སྒེར་ལ་རྐྱེན་ངན་ཆག་སྒོ་ཚབས་ཆེན་བྱུང་བ། ཡང་རང་ཉིད་སྒེར་ལ་ལུས་སེམས་ཀྱི་སྡུག་བསྔལ་ཚབས་ཆེན་འཕྲད་པ་སོགས་སྣ་ཚོགས་ཡོད་པས། ལྷན་ཚོགས་གོ་སྒྲིག་པ་ཨ་མི་རི་ཀའི་ཚན་རིག་པ་གྲགས་ཅན་རཱི་ཆི་ཌ་ཝི་ཌི་སོན་ལགས་ནས། གཙོ་བོ་ཁོང་ཚོར་སེམས་ཤུགས་འཕེལ་བ་དང་ཉི་མ་རེ་རེའི་དཀའ་ངལ་གདོང་ལེན་གྱི་ཐབས་ལམ་འཚོལ་བར་༧གོང་ས་མཆོག་ནས་ལམ་སྟོན་ཞུ་ཆེད་ཡིན་པར་བརྟེན། ལྷན་ཚོགས་འདིས་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཤུགས་རྐྱེན་ཐེབས་པའི་ཡིད་ཆེས་གནང་གི་འདུག

ལྷན་ཚོགས་འདིས་རྒྱ་ཆེ་ས་ནས་མིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཀྱི་རེད་བསམ་གི་ཡོད། རྒྱུ་མཚན་ནི་མགོ་ཁྲིད་འདི་ཚོ་རེ་རེས་མི་སྟོང་ཕྲག་མང་པོར་ཞབས་ཞུ་སྒྲུབ་ཀྱི་ཡོད་པས། ༧གོང་ས་མཆོག་མཇལ་འཕྲད་ཀྱི་ཤུགས་རྐྱེན་དེས་ཁོང་ཚོའི་ལས་དོན་དེ་གཅིག་ལ་གཅིག་བརྒྱུད་དང་འཛམ་གླིང་གི་མི་ཧ་ཅང་མང་པོར་རྒྱ་བསྐྱེད་འབྱུང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ལ།

དེ་མིན་ཡང་ཨ་མི་རི་ཀའི་ནང་སེམས་ཁམས་དཀའ་ངལ་ཅན་ཚོར་གསོ་བཅོས་གནང་མཁན་གྱི་མགོ་ཁྲིད་ཁེ་རེ་སི་ཊོལ་མེཀ་ལོར་ཌི་ལགས་ནས། མོ་རང་གི་སྐུ་མཆེད་ཅིག་རང་ཤི་བསྐྱོན་པ་དང་། མོ་རང་ཡང་རང་ཤི་བརྒྱབས་རྩིས་བྱས་པ་སོགས་༧གོང་ས་མཆོག་ལ་ཞུས་པར། ༧གོང་ས་མཆོག་གིས་ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པ་དང་མི་ཕན་ཚུན་མཉམ་རུབ་རོགས་ཕན་གནང་རེས་ཀྱིས་དཀའ་ངལ་སེལ་ཐུབ་པར་གསུངས་པ་དེ། ཧ་ཅང་གིས་སེམས་ནང་ཟུག་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

མི་མང་པོར་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་གྱིས་འཇིགས་ཞུམ་དང་རྔམ་སྐྲག། སོ་སོ་ལ་སྡུག་ཡུས་བྱེད་པ་སོགས་ཀྱིས་ཟུར་སྡོད་ཀྱིས་འདུག་པ་བཅས་བྱུང་གི་ཡོད་ནའང་། ༧གོང་ས་མཆོག་ལ་ང་རང་གི་གནས་ཚུལ་ཞུས་ཏེ་ཁོང་གིས་བཀའ་ལན་ཕེབས་སྐབས། ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པས་ང་ཚོ་ཕན་ཚུན་མཉམ་དུ་བསྡད་དེ་རོགས་ཕན་བྱེད་རེས་དང་། སྐྱིད་སྡུག་མཉམ་མྱོང་སོགས་བྱས་ན་དཀའ་སྡུག་སེལ་བའི་ཐབས་ལམ་ཡོད་པར་གསུང་བ་ནི་ཧ་ཅང་སེམས་ལ་ཟུག་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག་ཅིང་། གཞན་ཡང་ཨི་རཀ་ཀི་རྒྱལ་ཁབ་ཀྱི་ནང་སྤྱི་ཚོགས་བདེ་དོན་གྱི་ལས་ཀ་བྱེད་མཁན་བྷི་ལལ་གྷ་ལབ་ལགས་ནས། ཁོ་རང་གིས་སྤྱི་ཚོགས་ཚོང་ལས་ཀྱི་བརྒྱུད་ལམ་ནས་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ལ་འབད་བརྩོན་གནང་གི་ཡོད་པ་དང་། ༧གོང་ས་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གསུང་བའི་ཐོག་ནས། ཁོ་རང་ལ་ཚོར་བ་གཏིང་ཟབ་བྱུང་བ་འགྲེལ་བརྗོད་གནང་གི་འདུག

འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་འབྲེལ། ༧གོང་ས་མཆོག་གིས་མི་མེད་ལུང་སྟོང་ཞིག་ཏུ་ཁྱེད་རང་གིས་གློ་བུར་མི་ཞིག་མཐོང་ན་ཧ་ཅང་དགའ་ཚོར་ཡོང་གི་རེད་ཅེས་གསུངས་པས། ང་རང་ལ་ཚོར་བ་ཧ་ཅང་གཏིང་ཟབ་ཞིག་བྱུང་སོང་། ང་རང་གི་ལས་གྲོགས་ཤིག་གིས་ཨྀ་རཀ་ནས་མི་མང་པོ་ཊིར་ཀི་རུ་ཁྲིད་ཡོང་ནས། ང་ཚོ་མཉམ་དུ་རི་ངོས་དང་གཙང་འགྲམ་སོགས་སུ་གླིང་ག་བཏང་སྟེ། མཉམ་དུ་མེ་འབུད་པ་དང་ཇ་བསྐོལ་བ། ཟ་མ་མཉམ་ཟ་སོགས་བྱེད་སྐབས། མི་གཅིག་གྱུར་དང་ཕན་ཚུན་མཛའ་འབྲེལ་གཏིང་ཟབ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཉི་མ་གཉིས་རིང་གི་ལྷན་ཚོགས་འདི་ལ་ཡོ་རོབ་དང་ལྷོ་བྱང་ཨ་མི་རི་ཀ། ཨ་རབ་དང་ཨ་ཧྥ་གྷ་ནི་སི་ཏན། རྒྱ་གར་དང་རྒྱ་ཧན་མི་རིགས་སོགས་ཀྱི་ན་གཞོན་མགོ་ཁྲིད་མཉམ་ཞུགས་གནང་ཡོད་པ་མ་ཟད། ཟུར་ཉན་དུའང་གྲྭ་བཙུན་དང་ཚན་རིག་པ། སྒོམ་ཉམས་ལེན་གནང་མཁན་སོགས་ཆེད་དུ་ཚོགས་བཅར་གནང་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎