༧གོང་ས་མཆོག་གིས་ཨ་རི་ནས་ཆེད་བཅར་བྱམས་བརྩེ་གོང་སྤེལ་སྐུ་ཚབ་མི་སྣ་དང་མཇལ་མོལ།
2019.11.11
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་བར་ངེས་པར་དུ་འགྲོ་བ་མིའི་རྣམ་དཔྱོད་དང་བྱམས་བརྩེ་གཉིས་ཟུང་འབྲེལ་དགོས་ཞེས་ཨ་མ་རི་ཀ་ནས་ཆེད་བཅར་བྱམས་བརྩེ་གོང་སྤེལ་གྱི་སྐུ་ཚབ་ཚོགས་ཆུང་ལ་བཀའ་བསྩལ་འདུག
ཕྱི་ལོ་༢༠༡༩་ལོའི་ཟླ་༡༡་པའི་ཚེས་༡༡་ཉིན། བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ། ཨ་མི་རི་ཀའི་ཝ་ཤིན་ཊོན་མངའ་སྡེའི་སྲིད་སྐྱོང་གཞོན་པ་སྐུ་ཞབས་(Cyrus Habib)་ཡིས་སྣེ་ཁྲིད་པའི་མངའ་སྡེ་དེའི་ནང་གི་ཆེད་ལས་པ་དང་། ཤེས་ཡོན་སྡེ་ཁག་གི་མི་སྣ། ཁྲིམས་རྩོད་པ་དེ་བཞིན་སློབ་ཕྲུག་སོགས་ཁྱོན་འཐུས་མི་༢༤་ལས་བསྡུས་པའི་བྱམས་བརྩེ་གོང་སྤེལ་གྱི་སྐུ་ཚབ་ཚོགས་ཆུང་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་བཅར་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབྱུང་འགྱུར་མི་རབས་གསར་པ་ཚོར་བྱམས་བརྩེ་བསྐྱེད་སྲིང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་ཚོད་གཅིག་དང་ཕྱེད་ཀ་ལྷག་རིང་བཀའ་སློབ་བསྩལ་བའི་ནང་། བྱམས་བརྩེ་ནི་ང་ཚོ་སྐྱེས་པ་ནས་ང་ཚོའི་རྒྱུད་ལ་ཡོད་པ་དང་། ང་ཚོས་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་ཤེས་ཡོན་གྱི་ལམ་ནས་བྱམས་བརྩེ་གོང་འཕེལ་གཏོང་དགོལ་གལ་ཆེ་ལ། བྱམས་བརྩེ་ནི་གང་ཟག་སྒེར་ཞིག་གི་བདེ་སྐྱིད་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བསྐྲུན་པར་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། ཇི་ཙམ་གྱིས་བྱམས་བརྩེ་ཉམས་ལེན་བྱས་པ་དེ་ཚོད་ཀྱིས་གཟུགས་པོའི་འཕྲོད་བསྟེན་ལ་ཡང་ཕན་ཐོག་ཡོད་པ་བཀའ་གནང་ཡོད།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཚན་རིག་པ་ཁག་ཅིག་གིས་ཇི་ཙམ་གྱིས་སེམས་ནང་འཁོན་འཛིན་དང་། འཇིགས་སྣང་། དེ་བཞིན་ཁོང་ཁྲོ་རྒྱུན་ཆད་མེད་པ་ཡོད་པ་མི་དེའི་གཟུགས་པོའི་ནད་རིགས་སྔོན་འགོག་གི་མ་ལག་ཀྱང་རིམ་པས་ཟད་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་མི་ལ་ཞི་བདེ་ལྡན་པའི་སེམས་ཁམས་ཤིག་ཡོད་པ་ཡིན་ན། ང་ཚོའི་འཕྲོད་བསྟེན་ལ་ཡང་ཕན་ཐོག་ཡོད་ཅེས་བཀའ་གནང་འདུག
དེ་བཞིན་མི་ལ་རང་གཅེས་འཛིན་གྱི་བློ་དེ་ཇི་ཙམ་གྱི་ཤུགས་ཆེ་རུ་ཕྱིན་ཚེ། རང་ཉིད་ཀྱི་གཡས་གཡོན་ལ་ཡོད་པའི་མི་ཐམས་ཅད་འཇིགས་སྣང་དང་། མི་མཐུན་པའི་གནས་སུ་འགྱུར་ངེས་པར་བརྟེན་གཞན་ཕན་དང་བྱམས་བརྩེ་སོགས་ནི་ཆོས་ལུགས་ཀྱི་གནད་དོན་གཅིག་པུ་མིན་པར། འགྲོ་བ་མིའི་བདེ་རྩ་དང་འཛམ་གླིང་ཁྱོན་ཡོངས་ལ་ཡང་ཕན་ཐོག་ཡོད་པ་ཞིག་རེད་ཅེས་བཀའ་ཕེབས་ཡོད་པ་རེད།
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་གི་ཤེས་ཡོན་སློབ་གསོའི་ནང་། ཕྲུ་གུ་ཚོར་བྱམས་བརྩེའི་སྐོར་སློབ་ཁྲིད་བྱེད་རྒྱུའི་ཐད་འདང་གི་མེད་པར་བརྟེན། ད་སྐབས་ངོས་ཀྱིས་དེང་གི་ཤེས་ཡོན་སློབ་གསོའི་ནང་ང་ཚོས་ངེས་པར་སེམས་དང་སེམས་མྱོང་སོགས་ཀྱི་སྐོར་སློབ་ཁྲིད་དགོས་གལ་ཆེ་བའི་སྐོར་འགྲེལ་བཤད་རྒྱག་གི་ཡོད་ལ། འཛམ་གླིང་གི་ཤེས་ཡོན་སྡེ་ཁག་གི་སྔོན་འགྲོའི་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭ་བར་གྱི་ཤེས་ཡོན་སློབ་གསོའི་ནང་སློབ་ཕྲུག་ཚོར་གཟུགས་པོའི་འཕྲོད་བསྟེན་སྐོར་སློབ་ཁྲིད་བྱེད་བཞིན་པ་ལྟར། ང་ཚོས་ངེས་པར་དུ་སེམས་ཁམས་འཕྲོད་བསྟེན་སྐོར་སློབ་ཁྲིད་དགོས་གལ་ཆེ་ཞེས་བཀའ་ཕེབས་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་པོ་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞི་ཡོད་པའི་ཁོངས་ནས་བཞི་པའི་སྐོར་ངོ་སྤྲོད་གནང་བའི་སྐབས། ངོས་ཀྱི་དམ་བཅའ་བཞི་པ་དེ་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་རྒྱ་གར་ནང་སྐྱར་གསོ་བྱེད་རྒྱུ་དེ་རེད། རྒྱུན་དུ་ངོས་ཀྱིས་རྒྱ་གར་བ་ཚོར་རྩེད་མོ་དང་སྦྲགས་ཏེ་ངོས་ཀྱི་ཕྱི་གཟུགས་དེ་རྒྱ་གར་བ་མིན་ནའང་ནང་གི་སེམས་དེ་དེང་གི་ཤེས་ཡོན་ལྡན་པའི་རྒྱ་གར་ཚོ་ལས་ལྷག་པ་ཡོད་པས་ངོས་རང་རྒྱ་གར་བ་ཞིག་ཡིན་ཞེས་དང་། མི་འབོར་ཧ་ཅང་མང་བའི་རྒྱ་གར་རྒྱལ་ཁབ་ནང་ལོ་ངོ་༢༠༠༠་གོང་ནས་འཚེ་བ་མེད་པ་དང་། བྱམས་བརྩེ་སོགས་ལག་བསྟར་གནང་གི་ཡོད་པ་མ་ཟད། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མ་རྒྱལ་ཁབ་འདིའི་ནང་ཚང་མ་མཐུན་འབྲེལ་དང་ཕན་ཚུན་གུས་བརྩི་ཡོད་པའི་ངང་མཉམ་སྡོད་བྱེད་བཞིན་ཡོད་པ་དེས། ངོས་ལ་ཆོས་ལུགས་མཐུན་འབྲེལ་ནི་ནམ་ཡང་ཡོང་སྲིད་པ་ཞིག་ཡིན་པ་སེམས་ཤུགས་འཕར་མ་སྦྱིན་བྱུང་ཞེས་བཀའ་ཕེབས་ཡོད་པ་རེད།