༧གོང་ས་མཆོག་ཇར་མ་ནིར་ཆིབས་བསྒྱུར།

༧གོང་ས་མཆོག་ལ་ཇར་མན་ཧེསི་མངའ་སྡེའི་སྲིད་འཛིན་དང་གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཕེབས་བསུར་སྐུ་བཅར་ཞུས་འདུག།

2011.08.23

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་ས་སྔ་དྲོ་ཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕཏ་གི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཇར་མན་ཧེསི་མངའ་སྡེའི་སྲིད་འཛིན་ལྦོལ་ཀར་སྦུ་ཕར་མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནོར་སྦཏ་ཀཏ་མེན་རྣམ་གཉིས་ཕེབས་བསུར་སྐུ་བཅར་ཞུས་འདུག།

དེ་ནས་ཉིན་དགུང་ཧེ་སེ་མངའ་སྡེས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞུང་འབྲེལ་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད་ཅིང༌།དེའི་ཐོག་ཧེ་སེ་མངའ་སྡེའི་བློན་ཆེན་རྣམ་པ་དང༌། ཆབ་སྲིད་ཚོགས་པ་ཁག་གི་དབུ་ཁྲིད་ཚང་མ་ལྷན་བཅར་ཞུས་འདུག། གསོལ་སྟོན་འབུལ་སའི་ཚོགས་ཁང་གི་ཕྱི་ལ་༧གོང་ས་མཆོག་གི་ཞལ་མཇལ་ཞུ་བར་ཇར་མན་མི་མང་༦༠༠ལྷག་ཕེབས་ལམ་གཡས་གཡོན་ཡུན་རིང་ཕེབས་སྒུག་ཞུས་ནས་སྡད་ཡོད་པ་རེད། དེ་རྗེས་ཧེ་སེ་མངའ་སྡེའི་སྲིད་འཛིན་མཆོག་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་ཐོག་གསུང་གླེང་གནང་ཡོད་ཅིང༌། ༧གོང་ས་མཆོག་ལ་ཧེ་སེ་མང་སྡེས་མགྲོན་འབོད་ཞུས་པར་ཐུགས་རྗེ་ཆེ་ཞེས་གསུང་གནང་མཛད་དེ་ཇར་མན་ཁུལ་ད་རེས་ཕེབས་ཐུབ་པར་ཐུགས་མཉེས་པོ་བྱུང་ཞེས་བཀའ་གནང་འདུག།

ཧེ་སེ་མངའ་སྡེའི་སྲིད་འཛིན་ལྦོལ་ཀར་སྦུ་ཕར་མཆོག་གིས་༧གོང་ས་མཆོག་ཁུལ་དེར་བསྐྱར་དུ་ཆིབས་བསྒྱུར་གནང་བར་དགའ་བསུ་ཞུས་གནང་སྟེ།༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་ལ་རང་སྲིད་རང་སྐྱོང་དང་བོད་ནང་ཆོས་དད་རང་དབང་ཐོབ་ཐབས་སུ་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་གི་ཡོད་པར་བསྔགས་བརྗོད་དང་འབྲེལ། ༧གོང་ས་མཆོག་ནི་འཛམ་གླིང་འདིའི་ཐོག་ཚང་མས་གུས་བཀུར་ཞུ་ཡུལ་གྱི་མིག་དཔེ་བཟང་པོ་ཞིག་ཡིན་པ་དང༌། ༧གོང་ས་མཆོག་གིས་བོད་དོན་བདེན་མཐའ་སེལ་ཐབས་གནང་བཞིན་པའི་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས་གནང་འདུག།

དེ་ནས་ཁ་ས་ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་ཕེ་རེང་ཕཏ་ནང་གི་སློབ་གྲྭ་རྙིང་ཤོས་གོཐ་གཙུག་ལག་སློབ་གྲྭ་ཆེན་མོར་ཆིབས་བསྒྱུར་བསྐྱངས་ཏེ། དགེ་ལས་སློབ་ཕྲུག་རྣམས་ལ་ འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་དང་འགོ་ཁྲིད་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་འདུག། དེ་རིང་ཕྱི་ཚེས་༢༣ཉིན་༧གོང་ས་མཆོག་གིས་ཧེ་སེ་མངའ་སྡེའི་གྲོས་ཚོགས་སུ་ཆིབས་བསྒྱུར་དང་འབྲེལ་དབྱར་དུས་ཀྱི་གྲོས་ཚོགས་བར་མཚམས་བཞག་གནང་བའི་རྗེས་ཀྱི་ཚོགས་དུས་ཉིན་དང་པོའི་ཐོག་གསུང་བཤད་སྩལ་གནང་མཛད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎