༧གོང་ས་མཆོག་དབྱིན་ཡུལ་དང་ཨ་མི་རི་ཀར་ཕེབས་རྒྱུ་ཡིན་པ།


2015.06.25
ཡོ་རོབ་གླིང་ཆེན་གྱི་རོལ་དབྱངས་འདུ་འཛོམས་ཆེ་ཤོསGlastonbury 2014 ཡོ་རོབ་གླིང་ཆེན་གྱི་རོལ་དབྱངས་འདུ་འཛོམས་ཆེ་ཤོསGlastonbury 2014
AFP

༧གོང་ས་མཆོག་གིས་ཡོ་རོབ་གླིང་ཆེན་གྱི་རོལ་དབྱངས་འདུ་འཛོམས་ཆེ་ཤོས་སར་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ།
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དབང་འདུས་ཚེ་རིང་ལགས་ཀྱིས། རོའི་ཀྲར་གསར་ལས་ཁང་ལ་གནས་ཚུལ་ཕྱི་བསྒྲགས་གནང་བ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་དྲུག་པ་དང་དགུ་པ་བཅས་པར་དབྱིན་ཡུལ་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༢༧ནས་༣༠བར་དབྱིན་ཡུལ་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་དང༌། སྐབས་དེར་མགོན་པོ་གང་ཉིད་ཀྱིས་Glastonburyཞེས་ས་གནས་སུ་འཚོགས་སྲོལ་ཡོད་པའི་ཡོ་རོབ་གླིང་ཆེན་གྱི་རོལ་དབྱངས་འདུ་འཛོམས་ཆེ་ཤོས་སར་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང༌། དེ་རྗེས་གྲོང་ཁྱེར་Aldershotཟེར་བར་མང་ཚོགས་ལ་དུས་རབས་ཉི་ཤུ་རྩ་གཅིག་ནང་གི་ནང་ཆོས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད། གོང་གི་རོལ་དབྱངས་དུས་སྟོན་ཆེན་མོ་དེ་༡༩༧༠ ལོ་ནས་ཚོགས་འགོ་བཙུགས་ཡོད་པ་དང་། མང་ཤོས་ལ་ལྟད་མོ་བ་མི་གྲངས་ ༡༧༥,༠༠༠ལྷག་འཛོམས་མྱོང་བ་རེད།
དབྱིན་ཡུལ་གྱི་ཆིབས་བསྒྱུར་གྲུབ་པའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཕེབས་གནང་མཛད་དེ། ཕྱི་ཟླ་༧པའི་ཚེས་༡ཉིན་ཨ་རིའི་Texasམངའ་སྡེའི་གྲོང་ཁྱེར་Dallasནང་སྲིད་འཛིན་ཟུར་པ་George W. Bushལྟེ་གནས་ཁང་གིས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུ་དང༌། དེ་ནས་ཚེས་༥ནས་༧བར་མངའ་སྡེ་Californiaགྲོང་ཁྱེར་ Anaheimདང་། Irvineབཅས་པར་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་ལྷན་བཞུགས་དང༌། ཚེས་༩དང་༡༠ཉིན་གྲངས་གཉིས་རིང་གྲོང་ཁྱེར་ནིའུ་ཡོག་ཏུ་དད་ལྡན་མང་ཚོགས་ལ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་གསུང་ཆོས་དང་སྒྲོལ་དཀར་ཚེ་དབང་བཀྲིན་བསྐྱང་རྒྱུ་དང༌། དེ་བཞིན་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ཞུ་ཆེད་སྐུའི་འཁྲུངས་སྐར་གྱི་གྱ་སྟོན་དང་སྟབས་བསྟུན་ཏེ་བྱང་ཨ་མི་རི་ཀའི་བོད་རིགས་ ཐུན་མོང་གི་ཐོག་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་༩པའི་ནང་དབྱིན་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། དེ་ནི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་མི་རིང་བའི་ཕྱི་ཟླ་༡༠བའི་ནང་དབྱིན་ཡུལ་དུ་ཡོང་རྒྱུའི་སྔ་ནུབ་ཡིན་པ་པར་སྐབས་དེར་མཛད་འཆར་ཇི་ཡོད་སྐོར་གསལ་ཁ་སྟོན་གནང་མི་འདུག

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎