༧གོང་ས་མཆོག་གི་བཀའ་སློབ་སྙིང་བསྡུས་ཀྱི་ཕྱག་དེབ་བློ་སྟོབས་ཀྱི་དེབ་ཆུང་པར་བསྐྲུན།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཀའ་སློབ་སྙིང་བསྡུས་ཀྱི་ཕྱག་དེབ་བློ་སྟོབས་ཀྱི་དེབ་ཆུང་ཞེས་པ་རྒྱ་གར་གྱི་དཔར་བསྐྲུན་ཁང་ཞིག་གིས་པར་བསྐྲུན་བྱས་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་མཛད་པའི་ཕྱག་དེབ་གསར་པ་བློ་སྟོབས་ཀྱི་དེབ་ཆུང་ངམ་(The Little Book on Encouragement)ཞེས་པ་རྒྱ་གར་ནང་གི་(Penguin)དཔར་བསྐྲུན་ཁང་གིས་དཔར་སྐྲུན་གནང་ཡོད་འདུག
ཕྱག་དེབ་དེ་བཞིན་རྩོམ་སྒྲིག་པ་(Renuka Singh)གིས་ཕྱོགས་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང་། བརྗོད་གཞི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་བཀའ་སློབ་ཕྱོགས་བསྡུས་ཞུས་པའི་སྙིང་པོ་ཞིག་ཡིན་པ་རེད།
ཤོག་ལྷེ་༡༥༢ཅན་གྱི་ཕྱག་དེབ་ཀྱི་སྔོན་གླེང་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་གསུང་ཆོས་ཀྱི་སྙིང་པོ་དང་། ནད་ཡམས་སོགས་ཕྱི་ནང་གི་དཀའ་ངལ་མཐའ་དག་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་བཀའ་སློབ་གནང་ཡོད་འདུག
༧གོང་ས་མཆོག་གིས་བཟོད་དཀའ་བའི་སྐྱེ་འགྲོའི་སྡུག་བསྔལ་མཐའ་དག་ཞི་བའི་ཆེད་གདུང་སེམས་མཉམ་སྐྱེ་དང་ཛ་དྲག་གི་དཀའ་ངལ་འཕྲད་པའི་སྐབས་སུ་བྱམས་དང་སྙིང་རྗེ། བརྩེ་བ་དང་། བཟོད་བསྲན་དགོས་གལ་ཆེ་བ་གསལ་སྟོན་གནང་བ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་དཀའ་ངལ་གྱི་ཉེན་ཁར་གདོང་ལེན་ཆེད། སྐྱེ་འགྲོ་ཀུན་གཅིག་ལ་གཅིག་བརྟེན་གྱི་རྣམ་གཞག་ངོས་འཛིན་དང་མཉམ་རུབ་ཀྱིས་དཀའ་ངལ་རིགས་སེལ་ཐབས་ཀྱི་འགན་འཁུར་དགོས་ལུགས་བཀའ་སློབ་གནང་ཡོད་འདུག
ད་དུང་སྐབས་བབས་ཀྱི་གནས་སྟངས་དང་འབྲེལ་བ་ཡོད་པ་གཅིག་ནི། ད་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་སྐབས་སུ། སྨན་པ་དང་སྨན་ཞབས་པ་ཚོས་ནང་སེམས་ཀྱི་འཕྲོད་བསྟེན་གཅེས་སྲུང་གིས་གདོང་ལེན་དགོས་གལ་ཆེ་བ་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག