༸སྐུའི་འཁྲུངས་སྐར་ཉིན་གང་ཉིད་མཆོག་འབྱུང་འགྱུར་ལོ་བཅུ་ཕྲག་འགའ་ཞིག་འཚོ་བཞུགས་ཀྱི་བཀའ་བཞེས་སྩལ་བ།








སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༧པའི་ཚེས་༦ཉིན་ནི་བོད་གངས་ཅན་ལྗོངས་ཀྱི་མགོན་སྐྱབས་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས༨༨ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་དེ་བཞིན་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་ཞུས་ཤིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས། ༸སྐུའི་འཕྲོད་བཞེས་སྔར་བཞིན་གསལ་ཐང་ཡིན་པ་བཀའ་གནང་བ་དང་སྦྲགས། གང་ཉིད་མཆོག་འབྱུང་འགྱུར་ལོ་བཅུ་ཕྲག་འགའ་ཞིག་འཚོ་བཞུགས་ཀྱི་བཀའ་བཞེས་སྩལ་བ།
ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་མཆོག་ད་དུང་སེམས་ཤུགས་མ་ཆགས་པར་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་བསྒྲུབ་རྒྱུའི་ཆོས་སེམས་བརྟན་པོ་ཡོད་པ་བཀའ་སྩལ་ཞིང་། ཆོས་གྲོགས་ཚོས་ཀྱང་། གང་ཐུབ་ཀྱིས་སེམས་པ་བཟང་པོ་བྱེད་ནས་མི་ཚེ་སྐྱེལ་དགོས་གལ་ཆེ་ལ། གཞན་ཕན་བསྒྲུབ་རྒྱུ་ནི་གང་ཉིད་མཆོག་གིས་ཉམས་ལེན་བྱེད་རྒྱུ་གཙོ་བོ་དེ་ཡང་ཡིན་པའི་སྐོར་བཀའ་སྩལ་སོང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༢ལ་ཕེབས་པའི་སྐབས། རྒྱལ་དབང་༸སྐུ་ཕྲེང་༡༣པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཡང་སྲིད་ལ་ངོས་འཛིན་གྱིས། བོད་གངས་ཅན་ལྗོངས་དང་དམིགས་བསལ་འབྲེལ་བ་ཡོད་པའི་ལོ་རྒྱུས་ལྡན་པའི་ཏཱ་ལའི་བླ་མའི་མཚན་གནས་བཞེས་ནས་བཟུང་ད་བར་འགྲོ་བ་ཀུན་ལ་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་དང་སྐྱོང་མུས་ཡིན་པའི་ཁར། ཐེངས་འདིའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་༸གོང་ས་མཆོག་གིས། བོད་གངས་ཅན་གྱི་བསྟན་སྲིད་དོན་དུ་ད་བར་བློ་འགྱོད་མེད་པའི་སྒོ་ནས་ཧུར་ཐག་བྱས་པ་ཡིན་ལ། ད་དུང་སེམས་ཤུགས་མ་ཆགས་པར་གནས་ཡོད་ཅེས་བཀའ་སྩལ་སོང་།
ཡང་སྐབས་དེར་འཁྲུངས་སྐར་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Sukhvinder Singh Sukhuལགས་ཀྱིས་གསུང་བཤད་གནང་བའི་ནང་། ༸གོང་ས་མཆོག་ནི་འཛམ་གླིང་འདིའི་སྟེང་འཚེ་བ་མེད་པའི་ལམ་དང་བྱམས་སྙིང་རྗེའི་མཚོན་རྟགས་ལྟ་བུ་ཡིན་པ་མ་ཟད། ཞི་བདེའི་ཕོ་ཉར་ངོས་འཛིན་ཞུ་མུས་ཡིན་ཞིང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཚེའི་མཛད་པ་རྣམས་ཀྱིས་ང་ཚོར་སེམས་སྐུལ་ཆེན་པོ་འཐེབ་ཡོད་ཅེས་དང་། ང་ཚོ་ཧི་མ་ཅལ་ཡུལ་མི་ཚོ་ནི་བསོད་ནམས་ཆེན་པོ་རེད། རྒྱུ་མཚན་ནི། ས་ཁུལ་དེ་༸གོང་ས་མཆོག་གི་བཞུགས་གནས་ཡིན་པའི་ཁར། ཁོང་གིས་ང་ཚོ་ཚང་མར་ཐུགས་བརྩེ་བ་ཆེན་པོས་སྐྱོང་བཞིན་ཡོད་ཅེས་དང་། མགོན་པོ་གང་ཉིད་མཆོག་གིས། ད་བར་དུས་ཡུན་རིང་པོའི་རིང་བོད་ནང་གི་བོད་མི་ཚའི་ཐོབ་ཐང་ཆེད་སྐུ་ལས་སྐྱོན་མུས་ཡིན་པའི་བརྒྱུད་རིམ་ཁྲོད་འཚེ་བ་མེད་པའི་ལམ་དང་བྱམས་སྙིང་རྗེ་གཉིས་ནམ་ཡང་བློས་གཏོང་གནང་མེད་པ་མ་ཟད། ཡང་སྒོས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྐུ་ལས་སྐྱོན་བཞིན་པ་དེར་བསྔགས་བརྗོད་ཐོབ་ཡོད་པ་དང་། སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་ཅེས་གསུངས་གནང་སོང་།
ཡང་མཐའ་མཇུག་ཏུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། རྒྱ་གར་གྱི་གཞོན་སྐྱེས་རྣམས་ལ་བྱམས་སྙིང་རྗེ་དང་འབྲེལ་བའི་རྒྱལ་ཁབ་འདིའི་གནའ་བའི་རིག་གཞུང་བཟང་པོ་དེ་དག་གོང་འཕེལ་དང་སླར་གསོ་དགོས་པ་རྒྱུན་དུ་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་དེར་ང་ཚོ་ཚང་མས་གང་ཉིད་མཆོག་གི་ལམ་སྟོན་སྙིང་ལ་བཅངས་ནས་སོ་སོའི་མི་ཚེའི་ནང་བྱམས་སྙིང་རྗེ་ལག་བསྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ང་ཚོས་ཧི་མ་ཅལ་ནང་གནས་སྡོད་བོད་རིགས་ཚང་མའི་བདེ་སྡུག་ལ་མུ་མཐུད་ལྟ་རྟོགས་བྱ་རྒྱུ་ཡིན་པས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་དེའི་ཐོག་ཐུགས་རྗེའི་བྱིན་རླབས་བསྩལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།
དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Sukhvinder Singh Sukhuམཆོག་ཕེབས་ཏེ། ༸གོང་ས་མཆོག་ལ་དངོས་སུ་མཇལ་ཁ་ཞུས་པ་དེ་ནི་ཁོང་གིས་སྤྱི་ཁྱབ་བློན་ཆེན་གྱི་ལས་ཁུར་དམ་འབུལ་ཞུས་རྗེས། ༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཐོག་མ་དེ་ཡིན་པ་རེད།
ཡང་ཐེངས་འདིའི་འཁྲུངས་སྐར་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། ༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་བརྟེན་ནས། འདས་པའི་དུས་རབས་ཕྱེད་ཀ་ཙམ་གྱི་རིང་། བོད་བརྒྱུད་ནང་བསྟན་འཛམ་གླིང་གི་ས་ཕྱོགས་གང་སར་དར་རྒྱས་སུ་ཕྱིན་སྟབས། དེ་ནི་དད་པ་གཅིག་པུ་ལ་བརྟེན་པའི་ཆོས་ལུགས་ཤིག་མ་ཡིན་པར། དེ་ལས་ལྡོག་སྟེ། འདས་པའི་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་རིང་དར་རྒྱས་སུ་ཕྱིན་པའི་ནང་པའི་ཚན་རིག་དང་སྒྱུ་རྩལ་ཡོད་དོ་ཅོག་གི་བང་མཛོད་ཅིག་ཡིན་པའི་ངོས་འཛིན་ཇེ་གསལ་ནས་ཇེ་བརྟན་དུ་འགྲོ་བཞིན་ཡོད་ལ། ཚན་རིག་པ་ཁག་ཅིག་གིས་ཚན་རིག་གི་རྣམ་གྲངས་སུ་རང་བྱུང་དང་སྤྱི་ཚོགས་ཚན་རིག་ལས་གཞན་ད་དུང་ནང་དོན་རིག་པའི་ཚན་རིག་འཇོག་དགོས་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་གསུངས་སོང་།
ཡང་སྐབས་དེར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། ༸རྒྱལ་བའི་འཁྲུངས་སྐར་གྱི་ཕྱག་རྟགས་ཡག་ཤོས་ནི་ཁོང་གི་བཀའ་སློབ་ལམ་སྟོན་རྣམས་ལག་ལེན་བསྟར་རྒྱུ་དང་། སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་ཡང་ཡང་བཀའ་སློབ་ཕེབས་ཡོད་སྟབས་བོད་མི་ཚང་མས་བཀའ་སློབ་སྤྱི་དང་ཡང་སྒོས་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་སློབ་སྦྱོང་གནང་སྟེ་ལག་བསྟར་གནང་གལ་ཆེ་བའི་སྐོར་གསུངས་སོང་།
གཞན་ཡང་ཐེངས་འདིའི་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་དྲུག་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།