ལྡི་ལིར་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་མང་པོ་མཉམ་འཛོམས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཕྱི་ལུགས་སུ་དགུང་གྲངས་༨༨ཕེབས་པའི་འཁྲུངས་སྐར་དགའ་སྟོན་དེ། འདི་ལོ་སྤྱི་ཟླ་༧པའི་ཚེས་༦ཉིན་འཛམ་གླིང་ཡུལ་གྲུ་མང་པོའི་ནང་གནང་གི་ཡོད་པ་ལྟར། ཉི་མ་དེར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་ལྡི་ལི་དོན་གཅོད་ཁང་གིས་གོ་སྒྲིག་གནང་སྟེ། དགུང་ཚིགས་གསོལ་སྟོན་ཞིག་གནང་བའི་ཐོག། ཁ་ན་ཊའི་གཞུང་ཚབ་ཆེན་མོ་དང་ཨ་མི་རི་ཀའི་གཞུང་ཚབ་ཀྱི་སྐུ་ཚབ་པ། སུད་སི་དང་ཨོ་སི་ཁྲི་རི་ཡ་སོགས་རྒྱལ་ཁབ་མང་པོའི་སྐུ་ཚབ་པ་བཅར་ཡོད་པ་མ་ཟད། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱལ་སྲུང་སློབ་སྟོན་པ་ཟུར་པ། བློན་ཆེན་ཟུར་པ་སོགས་མང་དག་ཅིག་ཕེབས་ཏེ། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་མཛད་འཕྲིན་རྒྱས་པའི་སྨོན་འདུན་གནང་ཡོད་པ། ལྡི་ལི་དོན་གཅོད་བློ་བཟང་ཤཱསྟྲཱི་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཡང་ཉི་མ་དེར་ཤར་ཕྱོགས་སིངྒ་པོར་རྒྱལ་ཁབ་ཏུ་དགའ་ལྡན་ཤར་རྩེ་འགྲོ་ཕན་གླིང་དང་འོད་དཔག་མེད་ཆོས་ཚོགས་གཉིས་ནས་གོ་སྒྲིག་གིས་ནང་པའི་ཆོས་ལ་དད་པ་བྱེད་མཁན་དང་༧གོང་ས་མཆོག་གི་རྗེས་འཇུག་མང་པོས་ཀྱང་མགོན་པོ་གང་ཉིད་ཀྱི་འཁྲུངས་སྐར་སྲུང་བརྩི་གནང་བའི་ཐོག། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་གཙོ་ཆེར་༧གོང་ས་མཆོག་གི་བྱམས་བརྩེ་དང་གཞན་ཕན་གྱི་བསླབ་བྱ་ཉམས་ལེན་བྱ་དགོས་པའི་ལམ་སྟོན་གནང་དོན་། རིན་པོ་ཆེ་མཆོག་གིས་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ང་ཚོས་༧གོང་ས་མཆོག་གི་བྱམས་བརྩེ་དང་སྙིང་རྗེ། སྐུ་ཚེ་ཧྲིལ་བོའི་རིང་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབས་པ་སེམས་ནས་དྲན་དགོས་པ་དང་། ༧གོང་ས་མཆོག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་པར་དྲིན་ལན་གསབ་པ་དང་། ང་ཚོས་མི་ཚེའི་ནང་ཁོང་གི་ལམ་སྟོན་ཁག་ཉམས་ལེན་གནང་གལ་ཆེན་པོ་རེད་ཅེས་ལམ་སྟོན་ཕེབས་ཡོད་པ་རེད།
ཡང་ཉི་མ་དེར་ཨུ་རུ་སུའི་བྷོ་རད་ཐི་སྤྱི་མཐུན་རྒྱལ་ཁབ་ཏུའང་། ཨུ་རུ་སུ་དང་རྒྱ་ནག་བར་དཔལ་འབྱོར་གྱི་འབྲེལ་བ་ཤུགས་ཆེ་ལ་བརྟེན་ནས། ༧གོང་ས་མཆོག་གི་མཚན་ཤུགས་ཆེ་མ་འབོད་རོགས་སོགས།རིག་གཞུང་བློན་ཆེན་གྱིས་ཁ་པར་བཏང་ཡོད་ནའང་། ༧གོང་ས་མཆོག་ནི་ཨུ་རུ་སུའི་ནང་པ་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཨུ་རུ་སུའི་རྩ་ཁྲིམས་སུ་ཆོས་དད་རང་དབང་ཡོད་པ་སོགས་ལུང་འདྲེན་གྱིས་བཤད་པར་བརྟེན། མཐར་འཁྲུངས་སྐར་མཛད་སྒོ་ལ་ཁལ་མིག་དང་ཐོ་ཝ། བྷོ་རད་ཐི། སོག་ཡུལ་སོགས་ནས་གནད་ཡོད་མི་སྣ་དང་མི་མང་གཉིས་སྟོང་བརྒལ་བ་མཉམ་ཞུགས་གནང་བ།ས་གནས་དེར་བཞུགས་ཀྱི་དགེ་བཤེས་བྱམས་པ་འཕྲིན་ལས་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཡང་ཨོ་སི་ཁྲི་ར་ལི་ཡའི་རྒྱལ་ས་ཁན་བྷ་རཱ་ཁུལ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པར། མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གཞུང་ཚབ་མི་སྣ་ཚོགས་སྐུ་མགྲོན་གནད་ཡོད་མི་སྣ་༤༠ལྷག་ཕེབས་ཡོད་པ་སོགས། ཨོ་སི་ཁྲི་ར་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྐལ་བཟང་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་གི་འདུག ཡང་བལ་བོ་རྒྱལ་ཁབ་ཀྱི་ནང་དུའང་གཞི་རྩའི་བཀག་རྒྱ་ཆེན་པོ་ཡོད་ནའང་། བལ་ཡུལ་དོན་གཅོད་ཀྱིས་ཆོག་མཆན་ཞུས་ཏེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཆོག་མཆན་རག་པར། ཨ་མི་རི་ཀའི་གཞུང་ཚབ་མི་སྣ་སོགས་ཆེད་བཅར་གྱིས་མཛད་རིམ་ལེགས་པར་བསྐྱངས་ཐུབ་ཡོད་པ། བལ་ཡུལ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ནས་འགྲེལ་བརྗོད་གནང་གི་འདུག
དེ་ལྟར་༧གོང་ས་མཆོག་གི་དགུང་གྲངས་༨༨ལ་ཕེབས་པའི་འཁྲུངས་སྐར་འདིར། འཛམ་གླིང་ས་ཕྱོགས་མང་པོར་གཞས་སྣ་ཞབས་བྲོ་གཟིགས་འབུལ་སོགས་ཀྱི་དགའ་སྟོན་ཙམ་མ་ཟད། ཉམ་ཐག་ལ་ཟས་སྦྱིན་དང་སྨན་བཅོས་ཀྱི་རོགས་རམ་བྱེད་པ་སོགས་གཞན་ཕན་གྱི་ཐབས་ལམ་སྣ་མང་གི་ཐོག་ནས་སྲུང་བརྩི་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།