བོད་ནང་གི་བོད་མི་ཚོས་སྙན་ངག་དང་སྨོན་ཚིག་གི་ལམ་ནས་འཁྲུངས་སྐར་སྲུང་བརྩི།
2020.07.06

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཉིན་དང་དེའི་སྔ་ནུབ་ཏུ་བོད་ནང་བསང་གསོལ་གཏོང་བ་དང་དྲ་ལམ་ཁག་ཏུ་སྤྱན་རས་གཟིགས་ཀྱི་སྐུ་པར་དང་མ་ཎི་ཡིག་དྲུག་སོགས་སྤེལ་ཏེ་འཁྲུངས་སྐར་སྲུང་བརྩི་གནང་འདུག
ཕྱི་ཟླ་༧་པའི་ཚེས་༦་ཉིན་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་གི་འཁྲུངས་སྐར་ཉིན། འཛམ་གླིང་གི་ཡུལ་གྲུ་སོ་སོའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྐུའི་འཁྲུངས་སྐར་༨༥་པ་སྲུང་བརྩི་ཞུ་བཞིན་པ་ལྟར། བོད་ནང་གི་ས་ཁུལ་སོ་སོ་ནས་འཁྲུངས་སྐར་གྱི་སྔ་ནུབ་ཏུ་བསང་གསོལ་དང་། ལྷག་པར་དེང་སྐབས་བོད་ནང་གི་དྲ་ལམ་ཁག་ཏུ་དམ་དྲག་བྱེད་མིན་ལ་མ་བལྟོས་བར་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་དྲ་ཐོག་ཏུ་སྤྱན་རས་གཟིགས་ཀྱི་སྐུ་པར་དང་ཡང་ན་མ་ཎི་ཡིག་དྲུག་བཀོད་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་འདུག་ལ། ཡང་ཁ་ཤས་ཀྱིས་སྙན་ངག་དང་སྨོན་ཚིག་གི་ལམ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་ཅིང་།
བོད་མི་ཞིག་གིས་དྲ་ཐོག་ཏུ་༼ཁྱེད་ཡོད་པས་ང་ཚོ་ལ་རེ་བའི་འོད་སྟོང་ཡོད། ཁྱེད་ཉིད་ཇི་སྲིད་བསྐལ་བ་མ་སྟོང་བར་དུ་བཞུགས་སུ་གསོལ་༽ཞེས་དང་། ཡང་ཅིག་གིས་༼གང་ཁྱོད་སྐུ་ཚེ་ཉི་མ་འབུམ་གྱི་འོད། གླིང་བཞིའི་ཁམས་སུ་རབ་ཏུ་གསལ་བར་སྨོན༽། ཡང་གཞན་ཞིག་གིས། ལེ་དབར་དང་མཐོང་སྣང་ཆེད་པའི་ངའི་རྒྱང་རིང་གི་ཨ་ཇོ་ལགས། སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག༽་ཅེས་དང་། གངས་སེང་དཀར་མོ་ཁྱེད་བརྟན་པར་བཞུགས་མཛོད།། གངས་རིའི་སྐྱབས་མགོན་ཁྱེད་ཡུན་དུ་གནས་ཤོག། གངས་རིའི་ཡུལ་གྲུ་ན་ཞབས་སོར་འཁོད་ཤོག། གངས་རིའི་བུ་ཆུང་ངས་ཁྱེད་ཞལ་མཇལ་ཤོག་ཅེས་སོགས་བྲིས་ནས་གཞིས་བཞུགས་བོད་མིས་འགྱུར་བ་མེད་པའི་དད་འདུན་མཚོན་པར་བྱས་འདུག
དེ་མིན་རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་དད་ལྡན་པ་ཞིག་གིས་རང་གི་སྐད་འཕྲིན་རྒྱབ་ལོགས་སུ་༧གོང་ས་མཆོག་གི་སྐུ་པར་དང་བཅས་བ་བཀོད་ནས་སྤྱན་རས་གཟིགས་ཀྱི་རྗེས་འཇུག་པ་ཞིག་ལ་མཚོན་ན་བྱམས་སྙིང་རྗེ་ནི་ཆོས་ཉམས་ལེན་ཡག་ཤོས་དེ་ཡིན་ཞིང་།
༧གོང་ས་མཆོག་གིས་འཁྲུངས་སྐར་ཉིན་མ་ཎི་༡༠༨༠་གསོག་སྒྲུབ་ཀྱིས་འཁྲུངས་སྐར་བསུ་བཞིན་ཡོད་པ་སོགས་བཀོད་འདུག