བོད་ཀྱི་དབུ་ཁྲིད༧གོང་ས་མཆོག་གིས་ཨ་རིའི་བདམས་ཐོན་སྲིད་འཛིན་ལ་འཚམས་འཕྲིན་སྩལ་འདུག
2020.11.09
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་འོས་འདེམས་ཁྲོད་སྐུ་ཞབས་(Joe Biden)་ལགས་ལ་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་འདུག
ཨ་རིའི་ནང་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཕྱི་ཚེས་༧ཉིན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་(Joe Biden)ལགས་སུ་ཐོབ་པ་གསར་ལམ་ཁག་ནང་བསྒྲགས་རྗེས། ཕྱི་ཚེས་༨ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་སྐུ་ཞབས་(Joe Biden)ལགས། ཨ་རིའི་སྲིད་འཛིན་ཐེངས་༤༦པར་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་གནང་མཛད་འདུག གསུང་འཕྲིན་ནང་༧གོང་ས་མཆོག་གིས། སྐུ་ཉིད་མཆོག་གིས་མཁྱེན་ཆུབ་ལྟར་ངོས་རང་ཨ་རིའི་རང་དབང་དང་། དམངས་གཙོ། ཆོས་དད་རང་དབང་། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་ཡིད་སྨོན་བྱེད་མཁན་ཞིག་ཡིན།
འགྲོ་བ་མིའི་རིགས་ཀྱིས་ཨ་རིའི་མང་གཙོའི་ཕུགས་འདུན་དང་དབུ་ཁྲིད་ལ་རེ་བ་བཅོལ་བཞིན་ཡོད། ལྷག་པར་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་སྐུ་ཉིད་མཆོག་གིས་འཛམ་གླིང་ནང་དབུལ་ཕོངས་དང་དྲང་བདེན་མེད་པའི་དཀའ་ངལ་མྱོང་བཞིན་པའི་ངལ་བ་སེལ་ནས། འཛམ་གླིང་འདི་བཞིན་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་པའི་རེ་བ་ཡོད། དེ་ལྟ་བུའི་དཀའ་ངལ་དེ་དག་གིས་གཙོས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་རྣམས་སེལ་དགོས་པ་ཛ་དྲག་རང་བཞིན་ཅན་ཞིག་ཆགས་ཡོད། སྐུ་ཉིད་མཆོག་གིས་ལྕམ་སྐུ་ཀཱ་མཱ་ལ་(Kamala Harris)ལགས་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པར་རྗེས་སུ་ཡི་རང་ཞུ་གི་ཡོད་ཅེས་ཀྱང་གསུངས་གནང་འདུག
ཡང་༧གོང་ས་མཆོག་གིས་འཚམས་འཕྲིན་ནང་མུ་མཐུད་གསུངས་པར། སྐུ་ཉིད་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྲིད་འཛིན་གཞོན་པ་གནང་བའི་སྐབས་བོད་པ་ཚོར་རྒྱབ་སྐྱོར་གནང་བ་དང་། འདི་ལོའི་ཕྱི་ཟླ་༩ནང་སྐུ་ཉིད་མཆོག་གིས་བསྒྲགས་གཏམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་ཨ་རིའི་སྲིད་འཛིན་རིམ་བྱོན་དང་ཨ་རིའི་མི་དམངས་བཅས་ནས་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པར་བོད་མིའི་ཚབ་བྱས་ནས་སླར་ཡང་ཐུགས་རྗེ་ཆེ་ཞུས་ཏེ་མཐའ་དོན། ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་རྒྱུ་དང་། འཛམ་གླིང་འདི་བཞིན་ཞི་བདེ་དང་འཆམ་མཐུན་ལྡན་པ་ཞིག་བསྐྲུན་རྒྱུའི་ལས་དོན་རྣམས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཡོད་ཅེས་གསུང་འཕྲིན་བསྩལ་གནང་མཛད་འདུག
ཕྱི་ལོ་༢༠༢༠ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་དེ། ཕྱི་ཟླ་༡༡ཚེས་༧ཉིན་ཨེ་པི་དང་། དེ་མིན་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གིས་སྐུ་ཞབས་ཇོ་སྦ་ཡེ་ཌེན་ལ་ཕྱི་ཚེས་༣སྟེ་འོས་བསྡུའི་ཉིན་འོས་ཤོག་གྲངས་གཤེར་མ་ཟིན་པ་(Pennsylvania)གཙོས་པའི་མངའ་སྡེ་ཁག་གཅིག་གི་ནང་འོས་གྲངས་མང་བ་ཤེས་རྟོགས་བྱུང་རྗེས་ཐེངས་རྗེས་མའི་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བའི་གནས་ཚུལ་བཀོད་སྤེལ་བྱས་འདུག འོན་ཀྱང་སྲིད་འཛིན་ཌོ་ནལ་ཏྲམ་མཆོག་གིས་མངའ་སྡེ་མང་དག་ཅིག་གི་ནང་འོས་ཤོག་གྲངས་གཤེར་དྲང་བདེན་བྱུང་མེད་པ་གསུངས་ཏེ་ཁྲིམས་ཐོག་ནས་གྱོད་གཏུག་གནང་འགོ་བཙུགས་ཡོད་པ་རེད།
ཕྱི་ཚེས་༨ཉིན་སྐུ་ཞབས་སྦཡེ་ཌེན་དང་འོས་ཐོབ་སྲིད་འཛིན་གཞོན་པ་ལྕམ་ཀཱ་ལཱ་ལ་ཧ་རིསི་རྣམ་གཉིས་ཀྱིས་རྒྱལ་ཡོངས་ལ་གསུང་བཤད་གནང་སྐབས།
ཁོང་གི་སྲིད་གཞུང་གིས་ཚོགས་པ་སོགས་ཀྱི་ཁ་གཏད་ཀྱི་རྩོད་གླེང་མེད་པར་། ཨ་མི་རི་ཀའི་མི་སེར་ཡོངས་ནས་མཐུན་སྒྲིལ་གྱི་དུས་ལ་བབ་ཡོད་པ་ནན་གསུང་གནང་ཡོད། དེ་བཞིན་བདམས་ཐོན་སྲིད་འཛིན་གཞོན་པ་ཀཱ་མཱ་ལ་ཧ་རོས་སི་ནི་ཇེ་མེཁ་དང་རྒྱ་གར་གྱི་རིགས་རྒྱུད་ཡིན་པའི་མི་རིགས་ནང་པོའི་བུད་མེད་ཅིག་ཐེངས་དང་པོར་ཨ་རིའི་སྲིད་འཛིན་གཞོན་པར་འདེམས་པ་འདིར་མི་མང་པོ་ཞིག་ལ་སྤོབས་པ་དང་སེམས་ཤུགས་བསྐྲུན་པའི་གནས་ཚུལ་ཡང་གསར་འགྱུར་ནང་བཀོད་འདུག ཡིན་ནའང་ལས་ཐོག་སྲིད་འཛིན་ཌོ་ནལ་ཏྲམ་གྱིས་ཕེན་སོ་ཝེ་ནེ་ཡའི་འོས་འདེམས་ཐད་རྩོད་ཉོག་ཡོད་པར་བརྗོད་ནས། ཁོང་འོས་བསྡུའི་ཁྲོད་ཕམ་པར་ངོས་ལེན་གྱི་མེད་པར་ད་ལྟ་ཁྲིམས་གཏུག་གི་ལས་དོན་འགྲོ་བཞིན་པའི་སྒང་རེད།
སྤྱིར་ཨ་རིའི་སྲིད་འཛིན་འོས་འདེམས་ནི། སྲིད་འཛིན་འོས་འདེམས་འཐུས་ཚོགས་ཀྱི་འོས་གྲངས་༥༣༨ལས་གྲུབ་བ་དང་། འོས་གྲངས་༢༧༠ལས་བརྒལ་ན་རྒྱལ་ཁ་ཐོབ་པར་ངོས་འཛིན་དང་། སྲིད་འཛིན་འོས་འདེམས་འཐུས་ཚོགས་ཀྱི་འོས་གྲངས་དེ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་མངའ་སྡེ་སོ་སོ་ནས་ཁྱོན་འཐུས་མིའི་གྲངས་ཚད་༥༣༥
ལྟར་ཡིན་ཞིང་། དེའི་ཐོག་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ལ་འོས་གྲངས་༣ ཡོད་པ་རེད། ཐེངས་འདིའི་འོས་འདེམས་ཁྲོད་ཀྱི་འོས་ཤོག་ཆ་ཚང་ད་དུང་གྲངས་བཤེར་ཚར་མེད་ཀྱང་། ད་ལྟའི་བར་བྷ་ཌེན་ལ་འོས་ཤོག་ས་ཡ་༧༥ལྷག་དང་། ལས་ཐོག་སྲིད་འཛིན་ཌོ་ནལ་ཏྲམ་ལ་འོས་ཤོག་ས་ཡ་༧༡ལྷག་ཐོབ་ཡོད་པ་དང་། སྲིད་འཛིན་འོས་འདེམས་འཐུས་ཚོགས་ཀྱི་འོས་གྲངས་བྷ་ཌེན་ལ་༢༧༩དང་། སྲིད་འཛིན་ཌོ་ནལ་ཏྲམ་ལ་༢༡༤ཐོབ་པ་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནང་བརྗོད་འདུག
སྐུ་ཞབས་བྷ་ཌེན་གྱིས་དེ་སྔ་བྷ་རག་ཨོ་བྷ་མ་སྲིད་འཛིན་སྐབས་ཀྱི་ལོ་བརྒྱད་རིང་སྲིད་འཛིན་གཞོན་པ་གནང་མྱོང་ཡོད།