བཟོད་བསྲན་དང་དགོངས་སེལ་གྱིས་ལུས་སེམས་གཉིས་ལ་ཕན།
2015.02.09
༧གོང་ས་མཆོག་གིས་ཚེ་དབང་དང་མང་ཚོགས་ལ་བཀའ་སློབ་གནང་ནས་སུད་སི་ནང་གི་མཛད་འཕྲིན་ལེགས་པར་འགྲུབ་འདུག
དེ་ཡང་ཕྱི་ཚེས་༨ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་ནང་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་ཉིན་རྒྱབ་མང་ཚོགས་ལ་བཀའ་སློབ་བཀྲིན་བསྐྱངས་གནང་ཡོད་པ་དང་། ཉིན་དེའི་ཞོགས་པར་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་དངོས་གཞི་གནང་ཡོད་པ་རེད། བཀའ་དབང་དང་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཀྱི་མཛད་འཆར་དེ་སུད་སི་གྲོང་ཁྱེར་ Basel གྱི་ St Jakobshalleཞེས་པའི་ཚོགས་ཁང་དེར་གནང་ཡོད་འདུག ༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་དེ་ཐོག་མར་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་ལས་བྱུང་བ་ཞིག་ཡིན་སྐོར་དང་། གང་ཉིད་ལ་དབང་དེ་སྐུའི་ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་གནང་བ་མ་ཟད། དེའི་སྒོམ་གྲུབ་ཀྱི་ཉམས་ལེན་ཁག་ཀྱང་གནང་ཡོད་སྐོར་བཀའ་གནང་འདུག ཡང་༧གོང་ས་མཆོག་གིས་བཀའ་དབང་དེ་ཡག་པོ་ཐོབ་རྒྱུར་དུས་དང་རྣམ་པ་ཀུན་དུ་སྟོང་ཉིད་དང་བྱང་སེམས་ཉམས་ལེན་བྱེད་ཐུབ་ན་ཕན་རླབས་ཅི་ཆེ་ཡོད་སྐོར་བཀའ་གནང་འདུག
ཉིན་རྒྱབ་མང་ཚོགས་ལ་བཀའ་སློབ་གསུང་བཤད་ཀྱི་མཛད་འཆར་དེའི་ནང་༧གོང་ས་མཆོག་གིས་ཚན་རིག་པ་ཚོས་བཟོད་བསྲན་དང་། དགོངས་སེལ་སོགས་ཀྱི་ཁྱད་ཆོས་ཀྱིས་ནང་སེམས་ཙམ་མ་ཟད་ལུས་པོའི་བདེ་ཐང་ལའང་ཕན་ཐོགས་ཡོད་པ་གཟིགས་ཡོད་སྐོར་སོགས་ཀྱི་བཀའ་སློབ་གནང་འདུག དེ་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་གནང་རྗེས་བཀའ་སློབ་གསུངས་བཤད་ཀྱི་མཛད་འཆར་དེ་མཇུག་བསྒྲིལ་གནང་ཡོད་འདུག
དེ་རིང་ཕྱི་ཚེས་༩ཉིན་༧གོང་ས་མཆོག་ནོར་ཝེ་ཡུལ་དུ་ཆིབས་ཞལ་བསྒྱུར་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།