རྒྱལ་ས་ལྡི་ལིར་ཆིབས་ཞལ་སྒྱུར་གནང་ཡོད་པ།
2017.11.23

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ཚོང་པའི་ལྷན་ཚོགས་ Indian Chamber of Commerce ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། བཀའ་བཞེས་བཟང་པོ་ཐོབ་སྟེ་དེ་རིང་ཕྱི་ཚེས་ ༢༣ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཊར་རྟེན་གཞི་བྱས་པའི་ Oberoi Hotels & Resorts ཞེས་པའི་གསོལ་མགྲོན་ཁང་དུ་རྒྱ་གར་ཚོང་པའི་ལྷན་ཚོགས་ལ་རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོའི་སྐོར་ལ་སོགས་པའི་གནད་དོན་ཁག་ཅིག་ཐོག་བཀའ་སློབ་སྩལ་གནང་ཡོད་པ་རེད། སྐབས་དེར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་གནང་བའི་ནང་༧གོང་ས་མཆོག་གིས་ཐུགས་འགན་དང་པོ་དེ་འགྲོ་བ་མིར་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞེས་དང་། འཛམ་གླིང་ནང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་ཨ་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད། ཨ་མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་རྒྱུ་ཁག་པོ་རེད་ཅེས་དང་། ཐུགས་འགན་གཉིས་པ་དེ་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། རྒྱ་གར་ནི་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་ཐུབ་རྒྱུའི་དཔེ་མཚོན་ཞིག་ཆགས་ཡོད། རྒྱ་གར་བ་ཚོའི་བསམ་བློའི་ནང་ཆོས་ལུགས་འདྲ་མིན་ལ་ངོས་ལེན་ཡོད་ཤག་ཤག་རེད། གང་ཡིན་བརྗོད་ན་ཡུལ་འདིའི་ནང་གནའ་རབས་ནས་ཆོས་ལུགས་འདྲ་མིན་ཕན་ཚུན་གུས་བཀུར་ཞུ་རྒྱུའི་ལམ་སྲོལ་བཟང་པོ་ཞིག་རྒྱུན་འཇགས་སུ་གནས་ཡོད། གལ་ཏེ་ཆོས་ལུགས་གཅིག་ལས་མེད་ན་སྐབས་རེ་ཆོས་ལུགས་དེ་རང་མ་གཏོགས་ཆོས་ལུགས་གཞན་བརྗོད་སྐབས་བསམ་བློའི་ནང་མི་ཤོང་བ་ལྟ་བུའི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད། ཆོས་གྲོགས་ཀྱི་འདུ་ཤེས་བཟུང་ནས་ཆོད་སེམས་བརྟན་པོས་འབད་བརྩོན་བྱས་ན་དོན་དམ་གྱི་ཆོས་ལུགས་མཐུན་སྒྲིལ་ཡོང་ངེས་རེད་ཅེས་བཀའ་གནང་ཡོད། ཡང་༧གོང་ས་མཆོག་གིས་གསུམ་པ་དེ་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ད་ལྟའི་ཆར་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་དབང་ཆ་དེ་ཕྱི་ལོ་ ༢༠༠༡ ནས་བཟུང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་འགན་བཞེས་པ་རེད། དུས་སྐབས་དེ་ནས་བཟུང་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒན་ཡོལ་བྱས་ནས་བསྡད་པ་ཡིན། དེ་ནས་ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་འགན་དབང་ནས་རྒན་ཡོལ་ཆ་ཚང་ཞུས་པ་མ་ཟད། ལོ་ངོ་བཞི་བརྒྱ་ཙམ་གྱི་རིང་ནས་ཏཱ་ལའི་བླ་མའི་བླ་བྲང་གིས་བོད་མིའི་ཆབ་སྲིད་འགོ་ཁྲིད་བྱ་རྒྱུའི་ལམ་སྲོལ་དེའང་ངོས་ནས་དང་བླངས་ཐོག་ནས་དགའ་བཞིན་སྤྲོ་བཞིན་སྤོབས་པ་དང་བཅས་མཇུག་བསྒྲིལ་བ་ཡིན་ཞེས་སོགས་བོད་མི་དང་། རྒྱ་གར་དབར་གྱི་གནའ་སྔ་མོའི་ཐོག་ནས་ཡོད་པའི་འབྲེལ་ལམ་བཅས་ཀྱི་ཐོག་ལ་བཀའ་སློབ་རིམ་པ་སྩལ་གནང་རྗེས་དེ་རིང་ཕྱི་དྲོ་ལྡི་ལིར་ཆིབས་ཞལ་སྒྱུར་གནང་ཡོད་པ་རེད།