༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།


2016.01.05
༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་བཞིན་པ། ༢༠༡༦།༡།༥ ༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་བཞིན་པ། ༢༠༡༦།༡།༥
འཇིགས་མེད་སྙན་གྲགས།།RFA

༧གོང་ས་མཆོག་གིས་རྒྱ་གར་ནང་ཟླ་ངོ་གཅིག་མ་ཟིན་ཙམ་རིང་མཛད་འཕྲིན་འདྲ་མིན་ལེགས་པར་འགྲུབ་ནས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།
དེ་ཡང་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ནང་གི་ཆོས་འབྲེལ་རྣམས་ལེགས་པར་གྲུབ་ཏེ། ཕྱི་ཟླ་༡པོའི་ཚེས་༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་ཙམ་ལ་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་ཀྱི་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་སྐྱིད་སྡུག་ཁག་གི་སྐུ་ཚབ་སོགས་ཕེབས་བསུར་བཅར་ཡོད་པ་རེད་།
༧གོང་ས་མཆོག་གི་ཕྱི་ཟླ་༡༢ པ་ནས་ད་བར། ཐོག་མར་ཕྱི་ཟླ་༡༢ཚེས་༥ནས་༧བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་མཛད་འཕྲིན་བསྐྱང་གནང་བ་དང་། དེ་རྗེས་ཕྱི་ཚེས་༨ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་མོན་གྷོ་ཊི་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆགས་པའི་དགའ་ལྡན་ཁྲི་ཐོག་ཁང་དབུ་འབྱེད་རབ་གནས་མཛད་ཞིང་། ཕྱི་ཚེས་༩ནས་༡༣བར་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆགས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་གི་སྔོན་འགྲོའི་སྟ་གོན་དང་འབྲེལ་ནང་ཆོས་ངོ་སྤྲོད་དང་། དཔལ་གསང་བ་འདུས་པའི་བཀའ་དབང་། དད་ལྡན་མང་ཚོགས་རྣམས་ལ་སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་སྩལ་བ་སོགས་ཆོས་འབྲེལ་བསྐྱངས་གནང་ཡོད་པ་རེད་།
དེ་རྗེས་ཕྱི་ཚེས་༡༣ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་སྨད་རྒྱུད་གྲྭ་ཚང་ནས་Bylakupp བོད་མིའི་གཞིས་ཆགས་སུ་ཆགས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཞབས་སོར་འཁོད་དེ་། ཕྱི་ཚེས་༡༤ ནས་༡༧བར་སེམས་དང་སྲོག་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་གནང་བ་དང་། རྟོགས་བརྗོད་མདུན་ལེགས་མའི་བཀའ་ཁྲིད་སོགས་སྩལ་གནང་ཡོད་པ་རེད་།
ཕྱི་ཚེས་༢༠ནས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་བརྒལ་བར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་མཛད་གནང་མ་ཟད་། རྒྱ་ནག་སྐམ་ས་ཆེན་པོ་དང་། ཧོང་ཀོང་། མ་ཁའོ་ནས་གསུང་ཆོས་སུ་ཆེད་བཅར་ཞུས་པའི་རྒྱ་རིགས་ཆོས་ཞུ་བ་༡༥༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་༣༠ཉིན་༧གོང་ས་མཆོག་གིས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་ཞིང་། མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་པ་སོགས་ཆོས་འབྲེལ་ཁག་ལེགས་པར་འགྲུབ།
ཕྱི་ལོ༢༠༡༦ལོའི་ཟླ་དང་པོའི་ཕྱི་ཚེས་༢ཉིན་རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་དུ་རྒྱ་གར་གཞུང་ཞབས་པ་ཁག་གཅིག་ལ་མཇལ་འཕྲད་བཀའ་སློབ་སྩལ།
ཕྱི་ཚེས་༤ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་ཆབ་སྲིད་མཐོ་རིམ་མི་སྣ་དང་། ཆོས་ལུགས་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་གྲགས་ཅན་ཁག་གཅིག་གིས་༧གོང་ལ་ཆེད་དུ་གྱ་སྟོན་གསོལ་སྟོན་བཤམ་སྐབས་བཀའ་སློབ་སྩལ་ཏེ་། ཕྱི་ཚེས་ ༥ ཉིན་བཞུགས་སྒར་ཕོ་བྲང་དུ་༧ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎