༧གོང་ས་མཆོག་ཕྱིར་བཞུགས་སྒར་ལ་ཞབས་སོར་བདེ་བར་འཁོད་པ།
2015.06.16
༧གོང་ས་མཆོག་གིས་ཨའོསི་ཊརེ་ལི་ཡའི་ཁུལ་དུ་ཉིན་བཅུ་ལྷག་གི་མཛད་འཕྲིན་ཁག་ལེཊ་པར་གྲུབ་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་པ།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨའོསི་ཊརེ་ལི་ཡའི་ཁུལ་དུ་ཉིན་གྲངས་བཅུ་གཅིག་རིང་གི་ཆིབས་བསྒྱུར་མཛད་འཆར་གྲུབ་རྗེས་དེ་རིང་ཕྱི་ཟླ་༦ཚེས་༡༦ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༥ ནས་དགུ་བར་ཨའོསི་ཊརེ་ལི་ཡའི་New South Walesམངའ་སྡེའི་Blue Mountainsཞེས་པ་མཛེས་སྡུག་ལྡན་པའི་ས་གནས་དེའི་ནང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་དང་། གསང་འདུས་རྫོགས་རིམ་གསལ་སྒྲོན་གྱི་བཀའ་ཁྲིད་སྩལ་གནང་མཛད་ཡོད་ཅིང་། ཡང་དེ་དང་དུས་མཚུངས་ཕྱི་ཚེས་༨ཉིན་ཀ་ཏུམ་སྦ་ཟེར་བའི་སློབ་གྲྭ་ཞིག་གི་ནང་བཟོད་པའི་ཉམས་ལེན་གྱི་སྒོ་ནས་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
Blue Mountainsཁུལ་གྱི་མཛད་འཆར་གྲུབ་རྗེས་Queenslandམངའ་སྡེའི་Brisbaneགྲོང་ཁྱེར་དུ་ཆིབས་ཁ་བསྒྱུར་གནང་མཛད་ཅིང་། ས་གནས་དེའི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་ཁང་ཆེན་མོ་དེའི་ནང་ཆོས་ལུགས་མཐུན་སྒྲིལ་དང་། འཛམ་གླིང་ཞི་བདེའི་སླད་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམ་དང་ལྷན་དུ་ཐུགས་སྨོན་གསོལ་འདེབས་མཛད་ཡོད་པ་རེད། ཡང་Brisbaneགྲོང་ཁྱེར་དེའི་ནང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྒོ་ནས་བཀའ་ཆོས་སྩལ་གནང་མཛད་པ་དང་། ཕྱི་ཚེས་༡༢ཉིན་སྙིང་རྗེའི་ཉམས་ལེན་གྱི་སྒོ་ནས་མང་ཚོགས་ལ་བཀའ་སློབ་ཀྱང་སྩལ་ཡོད་པ་རེད།
ཕྱི་ཚེས་༡༣ཉིན་ཨའོསི་ཊརེ་ལི་ཡའི་བྱང་ཕྱོགས་སུ་ཡོད་པ་གདོད་མའི་མི་རིགས་ཀྱི་དམིགས་བསལ་ས་ཁུལ་ཨུ་ལུ་རུ་ཟེར་བར་ཞབས་སོར་འཁོད་གནང་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གདོད་མའི་མི་རིགས་ཚོས་སོ་སོའི་རིག་གཞུང་དང་གོམས་སྲོལ་མི་ཉམས་རྒྱུན་འཛིན་བྱེད་དགོས་སྐོར་བཀའ་སློབ་སྩལ་ཡོད་པ་རེད།
མཛད་འཆར་མཐའ་མར་ཕྱི་ཚེས་༡༤ཉིན་Perthགྲོང་ཁྱེར་གྱི་ནང་གཏོང་ལེན་གྱི་ཉམས་ལེན་སྐོར་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྕལ་གནང་མཛད་པ་དེ་ཡིན་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨའོསི་ཊརེ་ལི་ཡའི་ཆིབས་བསྒྱུར་ཐད་མང་ཚོགས་ནས་དགའ་བསུ་ཆེན་པོ་ཞུས་ཡོད་པར་མ་ཟད། ཆིབས་བསྒྱུར་མཛད་འཆར་སྐོར་ཡུལ་དེའི་རྒྱལ་ཡོངས་བརྙན་འཕྲིན་དང་གསར་ཤོག རླུང་འཕྲིན། དྲ་རྒྱ་སོགས་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་བཀོད་སྤེལ་ཤུགས་ཆེ་ཞུས་ཡོད་པ་རེད།
ཕྱི་ཚེས་༢༡ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་དང་། དགེ་ལུགས་ཆོས་བརྒྱུད། མདོ་སྨད་མི་དམངས་བཅས་ནས་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
༧གོང་ས་མཆོག་གིས་ཨའོསི་ཊརེ་ལི་ཡའི་ཁུལ་དུ་ཉིན་བཅུ་ལྷག་གི་མཛད་འཕྲིན་ཁག་ལེཊ་པར་གྲུབ་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་པ། དེའི་སྐོར་བཞུགས་སྒར་དྷ་རམ་ས་ལ་ནས་ང་ཚོའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་དེ་གསན་རོགས་གནང་།།