༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཞལ་བསྒྱུར་གནང་འདུག
2015.06.03
ཨོ་སུ་ཀྲེ་ལི་ཡའི་རྒྱལ་ནང་གི་མཛད་འཆར་ཆེད་༧གོང་ས་མཆོག་ས་ག་ཟླ་བའི་ཚེས་ཆེན་༡༥ཉིན་བཞུཊ་སྒར་ནས་ཆིབས་ཞལ་བསྒྱུར་གནང་ཡོད་པ།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་༤་ནས་ཚེས་༡༥བར་ཨོ་སུ་ཀྲེ་ལི་ཡའི་ནང་དད་ལྡན་མང་ཚོིགས་ལ་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་བཀྲིན་བསྐྱངས་ཕྱིར་ཚེས༢ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་ཡོད་པ་དང་། ཉིན་དེར་ས་ག་ཟླ་བའི་ཚེས་ཆེན་༡༥ཡིན་པར་བརྟེན། གཞུང་ལམ་གཡས་གཡོན་ལ་སྒུག་བསྡད་པའི་དད་ལྡན་པ་ཚོས་ཕེབས་བསུ་གཟབ་རྒྱས་གནང་འདུག ༧གོང་ས་མཆོག་འདི་ཟླའི་ཚེས་༤་ཉིན་ཨོ་སུ་ཀྲེ་ལི་ཡའི་Sydneyགྲོང་ཁྱེར་ཁུལ་གྱི་Blue Mountainsཞེས་པར་ཆིབས་བསྒྱུར་གྱིས། དད་ལྡན་མང་ཚོགས་ལ་ཞུགས་བཞག་ཉིན་གྲངས་ལྔའི་རིང་དཔལ་གསང་བ་འདུས་པའི་གསུང་ཆོས་དང་། འཇིགས་བྱེད་ཀྱི་བཀའ་དབང་བསྩལ་རྒྱུ་ཡིན་ཞིང་། ཕྱི་ཚེས་༨་ཉིན་Katoombaསློབ་གྲའི་ནང་མང་ཚོགས་ལ་བཟོད་བཞེས་དགོངས་ཡངས་སྐོར་བཀའ་སློབ་སྩལ་འཆར་འདུག དེ་ནས་༧གོང་ས་མཆོག་གིས་ཕྱི་ཚེས་༡༡་དང་༡༢་ཉིན་གྲོང་ཁྱེར་Brisbane་གྱི་Convention Centerཚོགས་ཁང་ཆེན་མོའི་ནང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྐོར་གསུང་ཆོས་སྩལ་རྒྱུ་དང་། ཕྱི་ཚེས་༡༡་ཉིན་ལ་གྲོང་ཁྱེར་དེའི་ནང་གི་St. Stephen’s Cathedral ཞེས་ཡེ་ཤུའི་ལྷ་ཁང་ནང་ཆོས་ལུགས་རིས་མེད་ཀྱི་འདུ་འཛོམས་ཐོག་དབུ་བཞུགས་མཛད་འཆར་འདུག ཡང་Bribaneཁུལ་གྱི་ཆོས་འབྲེལ་ཁག་གྲུབ་པ་དང་བསྟུན་ནས་ཉིན་དེར་ད་ལོ་༧གོང་ས་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་གྱ་སྟོན་ཡིན་སྟབས་ཨོ་སུ་ཀྲེ་ལི་ཡའི་ནང་གི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་གིས་༧མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་འདུག དེ་ནས་༧གོང་ས་མཆོག་གིས་Uluruཞེས་པའི་ཨོ་སུ་ཀྲེ་ལི་ཡའི་གདོད་མའི་མི་རིགས་ཀྱི་གནས་རིར་ཆིབས་བསྒྱུར་བསྐྱངས་རྒྱུ་དང་། དེའི་རྗེས་སུ་ཕྱི་ཚེས་༡༤་ཉིན་ནུབ་ཕྱོགས་ཨོ་སུ་ཀྲེ་ལི་ཡའི་Perthགྲོང་ཁྱེར་ནང་ཆིབས་བསྒྱུར་མཛད་ནས་མང་ཚོགས་ལ་སྦྱིན་གཏོང་གི་ཕན་ཡོན་སྐོར་བཀའ་སློབ་སྩལ་འཆར་འདུག
ད་རེས་༧གོང་ས་མཆོག་གིས་ཨོ་སུ་ཀྲེ་ལི་ཡའི་ནང་ཆིབས་བསྒྱུར་བསྐྱངས་བ་དེ་ནི་ཡུལ་དེར་ཕེབས་ཐེངས་༡༠་པ་དེ་ཡིན་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།