༸གོང་ས་མཆོག་གིས་ཝེཏ་ནམ་ནས་ཕེབས་པའི་དད་ལྡན་ཁག་ཅིག་ལ་མཇལ་ཁ་བསྩལ་བ།

ཝེཏ་ནམ་གྱི་དད་ལྡན་པ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་ ༡ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་བསྩལ་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་སུ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཝེཏ་ནམ་ནས་ཕེབས་པའི་མཇལ་བཅར་བ་ཁག་ཅིག་ལ་༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་བསྐལ་བཟང་གི་གོ་སྐབས་ཐོབ་པར་སེམས་ཚོར་ཇི་འདྲ་བྱུང་མིན་ཐད་བཅར་འདྲི་ཞུས་པར། ཝེཏ་ནམ་གྱི་གློག་བརྙན་འཁྲབ་སྟོན་པ་ཕྷན་ཨན་ཐུ་ལགས་ཀྱིས། ཁོ་མོ་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་་ལ་མཇལ་རྒྱུའི་གོ་སྐབས་ཐོབ་པ་དེ། མི་ཚེའི་ནང་བསོད་ནམས་ཆེན་པོ་ཞིག་ཡིན་པའི་སེམས་ཚོར་བྱུང་ལ། ད་རེས་མཇལ་ཁ་ཞུ་རྒྱུའི་གོ་སྐབས་དང་འབྲེལ་༸གོང་ས་མཆོག་ལ་ང་རང་གིས་བྲིས་པའི་ཝེཏ་ནམ་གྱི་ཡུལ་ལྗོངས་རི་མོ་ཞིག་ཕུལ་བ་ཡིན་ཞེས་བརྗོད་བྱུང་།

དེ་བཞིན་ཝེཏ་ནམ་ནས་ཕེབས་པའི་གཞས་པ་ཁ་ཡི་རྡན་ལགས་ཀྱིས། ཁོང་ནས་ད་རེས་མཇལ་ཁའི་གོ་སྐབས་དང་བསྟུན། ༸གོང་ས་མཆོག་ལ་མཆོད་པའི་ཚུལ་དུ་ཝེཏ་ནམ་གྱི་གླུ་གཞས་ཤིག་འབུལ་ལམ་ཞུས་པ་ཡིན་ལ། ཝེཏ་ནམ་གྱི་གླུ་གཞས་ཤིག་འབུལ་ལམ་ཞུ་ཐུབ་པ་དེས་ང་རང་བསྐལ་པ་བཟང་པོ་དང་དགའ་ཚོར་དཔག་ཏུ་མེད་པ་བྱུང་། ༸གོང་ས་མཆོག་གི་སྐུ་མདུན་ནས་གླུ་གཞས་ཤིག་འབུལ་ལམ་ཞུས་ཐུབ་པ་དེ་ཡིད་ཆེས་བྱེད་དཀའ་བ་ཞིག་རེད་འདུག་ལ། ང་རང་གི་མི་ཚེའི་ནང་མགོན་པོ་གང་ཉིད་མཆོག་སྐུ་དངོས་སུ་མཇལ་ཐུབ་ཀྱི་རེད་དུས་ནམ་ཡང་བསམ་པ་མ་བྱུང་ཞེས་བརྗོད་བྱུང་།
ཡང་ཝེཏ་ནམ་ནས་ཡིན་པ་མཇལ་བཅར་བ་ཝི་ཝེན་ལི་ལགས་ཀྱིས། ང་རང་ནང་པ་ཞིག་ཡིན་པས་ཆ་ནས་ང་ཚོ་ལ་བྱང་ཆུབ་སེམས་ཀྱི་རང་གཤིས་ཞིག་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་འཛམ་གླིང་ནང་གི་སྐྱེ་འགྲོ་ཡོངས་ལ་བྱམས་པ་དང་བརྩེ་བ། སྙིང་རྗེ་ཉམས་སུ་བླངས་ནས་ཕན་ཚུན་ཤེས་ནུས་ཐུབ་པ་ཡིན་ན། འཛམ་གླིང་དེ་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་ངེས་ཡིན་པ་མ་ཟད། འཛམ་གླིང་ནང་དམག་འཁྲུག་མཚམས་ཆད་ནས་ཚང་མ་ཞི་བདེའི་ངང་གནས་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་ཅེས་གསུངས་སོང་།
གཞན་ཡང་མཇལ་བཅར་བ་ཝཏ་ཝི་ལགས་ཀྱིས། ད་རེས་༸གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གི་གསེར་ཞལ་མཇལ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་སོང་ལ། ང་ཚོ་ད་རེས་མགོན་པོ་གང་ཉིད་མཆོག་གི་ཕྱག་མཇལ་ཡང་ཞུ་རྒྱུའི་བསྐལ་བཟང་གི་གོ་སྐབས་ཐོབ་པར་སེམས་ཚོར་དམིགས་བསལ་བ་ཞིག་བྱུང་སོང་། གང་ཡིན་ཞུས་ན་ང་ཚོས་སངས་རྒྱས་དངོས་སུ་མཇལ་བའི་ཡིད་ཆེས་དང་དད་པ་ཞུ་བཞིན་ཡོད། མ་ཟད་ང་ཚོས་མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་མང་པོ་ཞིག་ཀློག་གིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་དགའ་ལྡན་ཕོ་བྲང་དྲ་རྒྱའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཆར་སྤེལ་གསལ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༡༨ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀ་ལུ་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབ་པ་བཞིན། རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོའི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།