༸གོང་ས་མཆོག་གིས། མ་ཎི་ཡིག་དྲུག་འདོན་སྐབས་རྒྱུ་ཕྱུག་པོ་དང་། མིང་ཆེན་པོའི་ཆེད་གསོལ་བ་འདེབས་རྒྱུ་མེད་ཅེས་བཀའ་སློབ་སྩལ་བ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༣ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བལ་ཡུལ་གྱི་མཐའ་མཚམས་ནུབ་རི་དང་བཙུམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་མཇལ་ཁ་བཀའ་དྲིན་བསྐྱངས་སྐབས། ༸གོང་ས་མཆོག་གིས། ངོས་ནས་དུས་རྒྱུན་དུ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་བཞིན་ཡོད། ཅེས་དང་། དུས་རྟུག་ཏུ་འཕགས་པ་སྤྱན་རས་གཟིགས་མགོན་པོ་གང་ཉིད་མཆོག་གི་སྤྱི་བོར་སྒོམ་བཞིན་ཡོད། ཅེས་དང་། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་སྐབས། དགོས་དོན་དེ་རྒྱུ་ཕྱུག་པོ་དང་མིང་ཆེན་པོ་ཡོང་ཐབས་ཆེད་གསོལ་བ་འདེབས་རྒྱུ་མེད་ཅེས་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་རེད།
ཡང་༸གོང་ས་མཆོག་གིས། ངོས་རང་རྒྱུན་ལྡན་ནས་མ་ཎི་བགྲང་བཞིན་ཡོད། འཕགས་པ་སྤྱན་རས་གཟིགས་ནི་བོད་ཀྱི་ལྷ་སྐལ་ཡིན། ངོས་རང་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་ཅེས་སོགས་བཀའ་སློབ་སྩལ་སོང་།
མཇུག་ཏུ་༸གོང་ས་མཆོག་གིས། མ་ཎི་ཡིག་དྲུག་དེ་འགྲོ་བ་རིགས་དྲུག་གི་སྐྱེ་གནས་ལས་ཐར་བའི་དམིགས་བསལ་གྱི་དགོས་པ་ཞིག་རེད་འདུག་ཅེས་དང་། ང་ཚོ་བོད་རིགས་ཚོ་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་དང་། ངོས་རང་ཆུང་དུས་འཕགས་པ་སྤྱན་རས་གཟིགས་ཀྱི་མ་ཎི་ཡིག་དྲུག་དེ་བགྲང་བསྡད་ཀྱི་ཡོད་ཅེས་བཀའ་སློབ་སྩལ་ཡོད་པ་རེད།
གཞན་ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་༸གོང་ས་མཆོག་གི་མཛད་འཆར་བཀོད་པར་གཞིགས་ན། རིང་མིན་ཕྱི་ཟླ་ ༦ ཚེས་ ༣ ནས་ ༤ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་རིགས་གཞོན་སྐྱེས་རྣམས་ལ་མགོན་པོ་གང་གིས་མཛད་པའི་གསུང་། དབུ་མའི་ལྡེ་མིག་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།