འབྲས་ལྗོངས་མངའ་སྡེ་གཞུང་གིས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ལྗགས་སྨིན་འདེགས་འབུལ་ཞུས་པ།

2023.12.13
འབྲས་ལྗོངས་མངའ་སྡེ་གཞུང་གིས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ལྗགས་སྨིན་འདེགས་འབུལ་ཞུས་པ། ༸གོང་ས་མཆོག་ལ་ལྗགས་སྨིན་འདེགས་འབུལ་སྐབས། ༢༠༢༣།༡༢།༡༣ ཉིན།
Prem Singh Tamang

འབྲས་ལྗོངས་མངའ་སྡེ་གཞུང་གིས་གོ་སྒྲིག་འོག་འདི་ཚེས་ ༡༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྒང་ཏོག་གི་བཞུགས་གནས་མགྲོན་ཁང་ནས་སྔོ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཆིབས་འཁོར་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་བཞུགས་གནས་མེ་ཏོག་སྒང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་བོད་མི་དང་ས་གནས་ཡུལ་མིའི་དད་ལྡན་པ་ཚོས་ལག་དུ་མེ་ཏོག་དང་དཀར་གཙང་མཇལ་དར་སོགས་བསྣམས་ཏེ་ཞལ་མཇལ་དང་ཕེབས་བསུ་ཞུས་ཡོད་པ་རེད། དེ་ནས་མགོན་པོ་མཆོག་སཱ་མན་བྷ་ཝན་ཚོགས་ཁང་དུ་ཞབས་སོར་འཁོད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang) མཆོག་དབུས་པའི་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་བློན་ཆེན་ཁག་གཞན་གནས་ཡོད་མི་སྣ་མང་དག་ཅིག་ནས་མགོན་པོ་མཆོག་ལ་ཕེབས་བསུ་དང་ཆེ་བསྟོད་ཀྱི་ལྗགས་སྨིན་འདེགས་འབུལ་ཞུས་ཡོད་པ་རེད།

སྤྱིར་འབྲས་ལྗོངས་དེ་བཞིན་བོད་དང་ས་འབྲེལ་ཡིན་པས། ཁུལ་དེར་གནས་སྡོད་ཡུལ་མི་ཕལ་ཆེ་བ་ཕ་མེས་ནས་ཆོས་ལུགས་ནང་པ་ཡིན་པ་དང་མངའ་སྡེ་དེ་བཞིན་རྒྱ་གར་དང་བོད་ཀྱི་ས་མཚམས་ས་ཁུལ་གལ་ཆེ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་བ་  པོའི་ནང་བོད་དང་འབྲས་ལྗོངས་ཀྱི་ས་མཚམས་ནག་པོ་ལར་རྒྱ་གར་དང་རྒྱ་ནག་གི་དམག་མིའི་དབར་གདོང་ཐུག་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོག་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད།

2023-12-13Gangtok-G05_SR58227.jpg

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲས་ལྗོངས་ཁུལ་དུ་གནས་སྡོད་ས་གནས་ཡུལ་མི་ཁག་ཅིག་ལ་ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་འདིར་ཞབས་སོར་འཁོད་པ་དང་སྦྲགས། ཆབ་སྲིད་ངོ་བོའི་ཐོག་ནས་གནད་འགག་ཇི་ཙམ་ཞིག་ལ་ངོས་འཛིན་ཞུ་གཞིན་ཡོད་པའི་ཐད་བཅར་འདྲི་ཞུས་པར། སྤྱི་ཚོགས་ཞབས་ཞུ་དང་གསར་འཁོད་ཕྱག་ལས་གནང་མཁན་ (Ajay Agarwal) ལགས་ཀྱིས་གསུངས་ན། རྒྱ་ནག་གི་མིག་ནང་རྟག་ཏུ་རྒྱ་གར་གྱི་ས་མཚམས་ས་ཁུལ་ཨ་རུ་ནཱ་ཅལ་དང་ལ་དྭགས་འབྲས་ལྗོངས་བཅས་སུ་ཡོད་པ་མ་ཟད། ས་ཁུལ་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བརྗོད་ནས་རྒྱ་གར་ལ་ཡང་ཡང་སུན་བཙེརབཟོ་བཞིན་ཡོད་པ་རེད། ༸གོང་ས་མཆོག་ས་ཁུལ་དེ་དག་ནང་ཕེབས་སྐབས་རྒྱ་ནག་གིས་དགག་ཆ་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གི་དགག་པ་ག་ཚོད་བྱེད་ཀྱང་། ༸གོང་ས་མཆོག་གི་བྱིན་རླབས་དང་མཛད་འཕྲིན་ལ་བརྟེན་ནས་རྒྱ་ནག་གིས་ང་ཚོར་གནོད་པ་གང་ཡང་བྱེད་ཐུབ་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག 

ཡང་བོད་ས་མ་ཤོར་གོང་ནས་ས་གནས་འདིར་ཚོང་ལས་གཉེར་མཁན་ས་གནས་ཡུལ་མི་ (Pramanand Agarwal) ལགས་ཀྱིས། བོད་ས་མ་ཤོར་གོང་ངའི་ཕ་མ་བོད་ནང་ཚོང་དོན་ཆེད་དུ་འགྲོ་མྱོང་ཡོད་པ་དང་བོད་ནི་ལུང་པོ་སྐྱིད་པོ་དང་བོད་མི་རྣམས་ཆོས་སེམས་ཆེན་པོ་དང་ང་ཚོ་དང་འབྲེལ་བ་ཆེན་པོ་ཡོད་རེད། ད་རེས་༸གོང་ས་མཆོག་ས་གནས་འདིར་ཕེབས་པར་ཡུལ་མི་ཚོར་དགའ་ཚོར་ཆེན་པོ་དང་ང་ཚོའི་རེ་བར་ཁོང་ཡང་ནས་ཡང་དུ་འབྲས་ལྗོངས་སུ་ཕེབས་ཐུབ་བ་དང་མགྱོགས་མྱུར་བོད་དོན་བདེན་མཐའ་སེལ་ནས་མགོན་པོ་གང་ཉིད་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་གང་མགྱོགས་མྱུར་བོད་ལ་ཕེབས་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད་པ་གསུངས་ཀྱི་འདུག 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་མངའ་སྡེའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༦ ཡོལ་ཙམ་ལ་སྒང་ཏོག་དམག་སྒར་གནམ་གྲུའི་འབབ་ཐང་བརྒྱུད་ས་ལུ་སྒར་ཆིབས་བསྒྱུར་གྱིས། ཁུལ་དེར་ཡོད་པའི་དཔལ་ལྡན་སྲས་རྒྱུད་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱང་སེམས་བོག་ཆོག་གི་ཐོག་ནས་ཆོས་འབྲེལ་སྐྱོང་གནང་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག 

གསར་འགོད་པ། པ་སངས་ཚེ་རིང་། 
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎