༸གོང་ས་མཆོག་གིས་ང་རང་ཚོའི་ཕ་མེས་ནས་བརྒྱུད་པའི་ནང་ཆོས་དེ་ཉམས་ལེན་བྱས་ནས་གྲུབ་འབྲས་ཐོན་པ་བྱེད་དགོས་པའི་བཀའ་བསྩལ་འདུག
འདི་ཚེས་ ༢༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཚོགས་བཞིན་པའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱི་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩལ་སྐབས་༸མགོན་པོ་གང་ཉིད་མཆོག་གིས་ཆོས་གྲོགས་ཚང་མས་དཔྱད་འཇོག་ཟུང་འབྲེལ་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་གང་ཐུབ་ཀྱི་བསམ་བློ་གཏོང་དགོས་པ་བཀའ་སྩལ་གནང་མཛད་སོང་།
དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ནི་ང་རང་ཚོའི་ཕ་མེས་ནས་ཡིན་པས་རིན་ཐང་ཅན་གྱི་ཆོས་ཚུལ་ཞིག་ཆགས་ཀྱི་ཡོད་དུས་ང་རང་ཚོས་གང་ཐུབ་ཀྱི་ཉམས་ལེན་བྱེད་ནས་གྲུབ་འབྲས་ཐོན་པ་ཞིག་བྱུང་པ་ཡིན་ན་འདི་ནི་སྟོན་པར་ཞབས་འདེགས་དང་བཀའ་དྲིན་རྗེས་དྲན་ཞིག་ཡིན་པ་བཀའ་གནང་འདུག
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸མགོན་པོ་མཆོག་དགུང་གྲངས་༨༠ ནང་ཕེབས་ཟིན་ཡོད་ན་ཡང་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་བསམ་བློ་གཏོང་དུས་ཚེ་འདི་ལ་སྦྱོར་ལམ་ཐོབ་རྒྱུ་བློ་ལ་ཚོད་ཐུབ་ཀྱི་འདུག་ཞེས་བཀའ་སྩལ་འདུག
ཐེངས་འདིའི་ལྷན་ཚོགས་ཐོག་ནང་ཆོས་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་ད་ལྟའི་དུས་རབས་ནང་གིས་དཀའ་ངལ་ཁག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སྐོར་དང་ལྷག་པར་དུ་འཛམ་གླིང་ཞི་བདེ། ཁོར་ཡུག་དང་འཕྲོད་བསྟེན་ནང་པའི་གནས་ཆེན་ཁག་གི་གལ་གནད་སོགས་ཀྱི་སྐོར་ཕན་ཚུན་བགྲོ་གླེང་གནང་ཡོད་པ་རེད།
ཡང་ད་རེས་ཀྱི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱི་ད་རེས་ཀྱི་གོ་ལའི་ནང་པའི་ལྷན་ཚོགས་དེ་བཞིན་ཧ་ལས་པའི་ཡག་པོ་བྱུང་སོང་ལ་གཙོ་ཆེ་ཤོས་ང་རང་ཚོ་ཚང་མའི་ངོས་ནས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུར་ཐུགས་སྨོན་གནང་རྒྱུ་ཡིན་པ་གསུངས་ཀྱི་འདུག
ཡང་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་རྗེ་བཙུན་མ་བསྟན་འཛིན་པད་མོ་ལགས་ཀྱིས། ད་རེས་ཀྱི་གོ་ལའི་ནང་པའི་ལྷན་ཚོགས་དེ་བཞིན་འཛམ་གླིང་སྤྱི་ལ་དམིགས་དཔེ་བཟང་པོ་ཞིག་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཞུས་ན་རིག་གཞུང་དང་ཆོས་རྒྱུད་སོགས་ཀྱི་རྒྱབ་ལྗོངས་དང་མཐའ་ན་བསམ་ཕྱོགས་དང་ཉམས་ལེན་སོགས་མི་འདྲ་བ་ཡིན་ན་ཡང་ཚང་མ་འཆམ་མཐུན་ངང་འཛམ་གླིང་ཞི་བདེ་དང་།དམག་འཁྲུག་སོགས་ཀྱི་དཀའ་ངལ་གདོང་ལེན་གནང་ཕྱོགས་ཐད་གྲོས་བསྡུར་གནང་བཞིན་པ་དེ་ནི་འཛམ་གླིང་སྤྱི་ལ་དམིགས་དཔེ་བཟང་པོ་ཞིག་རེད་བཅས་གསུངས་ཀྱི་འདུག
ད་རེས་ཀྱི་ཉིན་གཉིས་ཀྱི་ལྷན་ཚོགས་ཐོག་ཕྱིའི་རྒྱལ་ཁབ་མི་འདྲ་བ་ ༣༠ ལྷག་གི་ཆོས་ཕྱོགས་ཀྱི་འགོ་ཁྲིད་དང་སྐུ་ཚབ་སོགས་ཚོགས་བཅར་བ་༡༧༠ ལྷག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ཅིག་གི་དབུ་ཁྲིད་དང་བླ་ཆེན། མཁན་བླ་སྤྲུལ་དང་དགེ་བཤེས་སོགས་ཁྱོན་ཚོགས་བཅར་བ་ ༥༠༠ ལྷག་ཕེབས་ཡོད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།