༧གོང་ས་མཆོག་གིས་ཝན་ཁོའུ་ཝར་མཛད་འཆར་དབུ་བཙུགས།
2014.10.21
༧གོང་ས་མཆོག་ཁ་སང་ཀེ་ན་ཌའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཝན་ཁོའུ་ཝར་ལ་ཞབས་སོར་འཁོད་ནས་མཛད་འཆར་དབུ་བཙུགས་གནང་འདུག
དེ་ཡང་དེ་རིང་ཕྱི་ཚེས་༢༡ནས་༧གོང་ས་མཆོག་གི་མཛད་འཆར་དབུ་འཛུགས་གནང་གི་ཡོད་པ་དང་། ཕྱི་ཚེས་༢༡གྱི་སྔ་དྲོ་སྙིང་དང་སེམས་ཅེས་པའི་བརྗོད་གཞིའི་སྒོ་ནས་ཝན་ཁོའུ་ཝར་གྲོང་ཁྱེར་ནང་གི་སློབ་གྲྭ་ཆེ་བའི་སློབ་མ་གྲགས་འདེམས་ཞུས་པའི་སློབ་ཕྲུག་ཁག་གཅིག་དང་ལྷན་དུ་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད། ཉིན་གུང་རྒྱབ་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གྱི་ཁོངས་སུ་དཔལ་འབྱོར་དང་ཀླད་རྩའི་ཚན་རིག སེམས་ཁམས་རིག་པ་དང་། སྤྱི་ཚོགས་བདེ་དོན་གྱི་སྲིད་ཇུས་སོགས་དང་འབྲེལ་བའི་ཐད་ཚན་རིག་སློབ་གསོའི་ཐོག་ནས་སྙིང་སྟོབས་སྤེལ་ཐབས་ཅེས་པའི་བརྗོད་གཞིའི་བགྲོ་གླེང་གི་ཚོགས་འདུའི་དབུ་མགོན་དུ་འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་ཁག་གཅིག་དང་ལྷན་དུ་མཉམ་ཞུགས་མཛད་རྒྱུ་ཡིན་པ་རེད། ཚོགས་འདུ་འདི་དག་གོ་སྒྲིག་ཞུ་མཁན་ནི་ཝན་ཁོའུ་ཝར་གྲོང་ཁྱེར་ནང་ཡོད་པའི་ཏཱ་ལའི་བླ་མའི་བསྟི་གནས་ཞེས་པ་དེ་ཡིན་ཞིང་། གོ་སྒྲིག་པའི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་གི་བགྲོ་གླེང་གི་ཚོགས་འདུ་ཁག་གི་དམིགས་ཡུལ་གཙོ་བོ་ནི་སྤྱིར་སྤྱི་ཚོགས་ཀྱི་གནས་སྟངས་བཟང་དུ་གཏོང་རྒྱུ་དང་། བྱེ་བྲག་ཏུ་ཕྲུ་གུའི་སེམས་ཀྱི་གནས་བབས་གོང་འཕེལ་གཏོང་ཐབས་ཆེད་ཡིན་པ་བརྗོད་འདུག
གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གྱི་ཁོངས་སུ་ད་རེས་ཀེ་ན་ཌའི་རྒྱལ་ས་ཨོ་ཊོ་ཝ་ནས་ཀེ་ན་ཌའི་གཞུང་གི་བློན་ཆེན་ཁག་གཅིག་དང་གྲོས་ཚོགས་ཀྱི་འཐུས་ཁག་གཅིག་ཝན་ཀྱུ་ཝར་ཆེད་བཅར་གྱིས་ཁོང་རྣམས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
དེ་ནས་ཕྱི་ཚེས་༢༣ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་མང་ཚོགས་ལ་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་དང་། མཇུག་ཏུ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་www.dalailama.com གྱི་ཐོག་གཟིགས་ཐུབ་རྒྱུ་ཡིན་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།