༸གོང་ས་མཆོག་གིས་ལ་དྭགས་ས་གནས་སུ་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་པ།

2023.08.25
༸གོང་ས་མཆོག་གིས་ལ་དྭགས་ས་གནས་སུ་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་པ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་༨ ཚེས་༢༥ ཉིན་ལ་དྭགས་གླེའི་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་ནས་ཆིབས་ཐོན་ཀྱིས། མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ།
Photo: RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་༨ ཚེས་༢༥ ཉིན་ལ་དྭགས་གླེའི་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་ནས་ཆིབས་ཐོན་གྱིས། མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ས་གནས་སུ་འདས་པའི་ཉིན་༤༥རིང་ས་གནས་སུ་གསུང་ཆོས་དང་བཀའ་སློབ་ཀྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་ལས། མགོན་པོ་མཆོག་གི་གཙོ་བོ་རིགས་རུས་ཀྱི་དབྱེ་བ་འབྱེད་མི་རུང་བ་དང་། ཆོས་ལུགས་འདྲ་མིན་དབར་མཐུན་སྒྲིལ་དགོས་པ། ཆང་རག་སོགས་སྤང་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ་ཡོད་པ་རེད།

གནད་དོན་འདི་རྣམས་དེང་སྐབས་ལ་དྭགས་སྤྱི་ཚོགས་ནང་གལ་གནད་ཆེན་པོ་ཡིན་པ་དང་། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་སྩལ་བ་དེས་ཕན་ཐོགས་རྒྱ་ཆེ་འབྱུང་བའི་རེ་བ་ཡོད་པ་སོགས། ལ་དྭགས་ག་མགོ་ཡུལ་ནས་ཡིན་པ་ཚེ་རིང་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

ལ་དྭགས་གནས་སྡོད་བོད་མི་ཡིན་པ་ཚེ་རིང་ལྷ་མོ་ལགས་ཀྱིས་ཀྱང་རིགས་རུས་ཀྱི་དབྱེ་བའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པར་དགའ་ཚོར་ཆེན་པོ་གནང་གི་འདུག ཡང་རྒན་ངག་དབང་ཡེ་ཤེས་ལགས་ཀྱིས་ཀྱང་རིགས་རུས་ཀྱི་དབྱེ་བ་དེ་ཉིད་ལ་དྭགས་ས་གནས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་སྔོན་མ་ལས་གནས་སྟངས་ཡག་ཏུ་ཕྱིན་ཡོད་པ་དང་། ད་དུང་ཡར་རྒྱས་ཀྱི་དགོས་མཁོ་ཡོད་པ་གསུངས་བྱུང་། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ད་ལོ་ཕྱི་ཟླ་༧ ཚེས་༡༡ ཉིན་ཞབས་སོར་འཁོད་པ་ནས་བཟུང་། ས་གནས་སུ་གསུང་ཆོས་དང་བཀའ་སློབ་ཀྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་སྟེ། མགོན་པོ་མཆོག་ད་ལན་ས་གནས་སུ་ཉིན་གྲངས་༤༥ རིང་བཞུགས་པ་ནི་ལོ་རྒྱུས་ནང་དུས་ཡུན་རིང་ཤོས་ཤིག་ཡིན་པ་རེད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཚེས་༢༥ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཕེབས་འབྱོར་གྱིས། ལྡི་ལི་རུ་ཉིན་གྲངས་གཉིས་རིང་བཞུགས་ཏེ་རེས་གཟའ་ཟླ་བ་ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་གནང་གི་ཡོད་པ་རེད།

 

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎