༸གོང་ས་མཆོག་རྒྱ་གར་འབྲས་ལྗོངས་མངའ་སྡེའི་ནང་ཞབས་སོར་བདེ་བར་འཁོད་པ།

འབྲས་ལྗོངས་མངའ་སྡེ་གཞུང་གིས་དུས་ཡུན་རིང་པོ་ནས་གདན་ཞུས་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༡༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད། སྦག་ཊོ་རཱ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། སྦག་ཊོ་རཱ་གནམ་ཐང་ནས་མགོན་པོ་གང་ཉིད་ཐད་འཕུར་གནམ་གྲུར་བཞུགས་ཏེ། འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་ཉེ་འདབས་སུ་ཆགས་པའི་ལི་སྦིང་དམག་སྒར་གནམ་གྲུ་འབབ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ (Prem Singh Tamang Golay) པི་རམ་སིངྷ་རྟ་མང་གྷོ་ལེ་མཆོག་གི་ནང་མི་སྐུ་འཁོར་དང་། མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ (Arun Upriti) ལགས། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་བློན་ཆེན་ཁག་གཅིག་བཅས་ནས་ཕེབས་བསུ་ཟབ་རྒྱས་ཞུས་མུར། ཕེབས་ལམ་གཡས་གཡོན་དུ་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ནས་བཀྲིས་པའི་མཆོད་རྫས་སྣ་ཚོགས་ཐོགས་ཏེ་སེར་སྦྲེང་དང་། དེ་བཞིན་ཀ་རྡོར་སྒང་གསུམ་ནས་ཕེབས་པའི་དད་ལྡན་མང་ཚོགས་ཀྱི་ལག་ཏུའང་བདུག་སྤོས་དང་མེ་ཏོག་མཇལ་དར་སོགས་བཟུང་ནས་ཕེབས་བསུ་ཟབ་རྒྱས་ཞུས་གནང་སོང་ལ།
ཕེབས་བསུ་དེར་སྒང་ཏོག་སྒོར་གཞས་ཚོགས་པའི་ཚོགས་མི་ཡོངས་ནས་སོ་སོའི་རིག་གཞུང་གི་ཆས་གོས་ལེགས་པར་གྱོན། ཕེབས་ལམ་གཡས་གཡོན་དུ་རིག་གཞུང་གཞས་སྣ་འཁྲབ་སྟོན་གྱིས་གླུ་གར་གྱི་མཆོད་པ་འབུལ་གནང་སྐབས། སྒང་ཏོག་སྒོར་གཞས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ལགས་ཀྱིས། སྒོར་གཞས་འདི་ལ་ང་ཚོའི་ཚོགས་མི་ ༡༡༣ གོ་སྒྲིག་གནང་དོན་ནི། ༸གོང་ས་མཆོག་དགུང་ལོ་ ༡༡༣ ལྷག་སྐུ་འཚོ་བཞུགས་ཡོང་བའི་རྟེན་འབྲེལ་མཚོན་ཆེད་དུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དད་ལྡན་པ་ཁག་ཅིག་ལ་ད་རེས་༸གོང་ས་མཆོག་སྐུ་དངོས་སུ་འབྲས་ལྗོངས་ནང་ཞབས་སོར་འཁོད་པ་དང་། ཁོང་གིས་གསེར་ཞལ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པར་དགའ་ཚོར་ཇི་ཙམ་ཆེན་པོ་བྱུང་ཡོད་པའི་ཐད་བཅར་འདྲི་ཞུས་པར། རང་ལོ་ ༨༢ སོན་པ་བགྲེས་སོང་བཀྲིས་ལྷག་པ་ལགས་ཀྱིས་དགའ་དད་བརྗོད་མི་ཤེས་པ་བྱུང་ལུགས་དང་། ས་གནས་ཡུལ་མི་དད་ལྡན་པ་ཕི་ཅིམ་ལེབ་ཅ་ལགས་ནས་ཀྱང་། ང་ཚོས་ཉིན་ལྟར་ཚེས་པ་ ༡༥ དང་ཚེས་ ༨ ཉིན་མགོན་པོ་གང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་བསམ་སྟེ་མ་ཎི་བསགས་བསྒྲུབ་གནང་གི་ཡོད་པ་དང་། ད་རེས་ཁོང་སྐུ་དངོས་སུ་འབྲས་ལྗོངས་ལ་ཞབས་ཀྱིས་བཅགས་པར། ང་ཚོ་ཧ་ལས་པའི་དགའ་ཚོར་དང་མིག་ནས་མིག་ཆུ་རང་དབང་མེད་པར་ཤོར་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སྒང་ཏོག་ས་གནས་བུད་མེད་ཚོགས་པའི་ཚོགས་གཞོན་རིག་འཛིན་ལགས་ཀྱིས་གསུངས་ན། འབྲས་ལྗོངས་མངའ་སྡེ་གཞུང་གིས་ད་རེས་༸གོང་ས་མཆོག་ས་གནས་སུ་གདན་ཞུས་གནང་བར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་སོང་ཞིང་།
སྔོན་འཆར་ལྟར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་འབྲས་ལྗོངས་སུ་ཆིབས་བསྒྱུར་གྱི་ཞལ་ཏན་གནང་ཡོད་ནའང་། འབྲས་ལྗོངས་ནང་གློ་བུར་དུ་ཆུ་ལོག་གི་དོན་རྐྱེན་བྱུང་པའི་རྐྱེན་གྱིས། མགོན་པོ་མཆོག་གི་མཛད་འཆར་ལ་འགྱུར་བ་ཕྱིན་ནས་འདི་ཚེས་ ༡༡ ནས་ ༡༤ བར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བཞུགས་ཞག་མཛད་རྒྱུ་ཡིན་པ་རེད།
ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་ཁུལ་གྱི་མཛད་འཆར་ལྟར་བྱས་ན། འདི་ཚེས་ ༡༢ ཉིན་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་མང་ཚོགས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་ནས་ཉིན་གུང་གི་ལྗགས་སྨིན་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་དང་། དེ་ནས་ཕྱི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནུབ་སྦང་གྷལ་གྱི་མངའ་སྡེའི་ས་ལུ་ག་རའི་ནང་གི་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱང་སེམས་འབོག་ཆོག་གི་ཐོག་ནས་ཆོས་འབྲེལ་སྐྱོང་གནང་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་རེས་ཀྱི་འབྲས་ལྗོངས་ནང་ཆིབས་བསྒྱུར་འདི་ནི་མངའ་སྡེ་གཞུང་རང་གི་ཐོག་ནས་གདན་ཞུས་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།