༧གོང་ས་མཆོག་འཛམ་གླིང་གི་ཆེས་ཡིད་སྨོན་ཞུ་ཡུལ་ལ་འདེམས་པ།
2015.02.03

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་གི་ཆེས་ཡིད་སྨོན་ཞུ་ཡུལ་གྱི་རླབས་ཆེན་མི་སྣ་བཅུའི་ཁོངས་སུ་འདེམས་ཐོན་བྱུུང་འདུག
དེ་ཡང་YouGovཞེས་པའི་རྒྱལ་སྤྱིའི་དྲ་རྒྱའི་ཁྲོམ རྭའི་ཞིབ་འཇུག་ལས་དོན་ཚན་པ་ཞིག་གིས་འཛམ་གླིང་ས་ཕྱོགས་གང་སར་དྲ་རྒྱའི་ཐོག་ནས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་འབྲས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་གི་ཆེས་ཡིད་སྨོན་ཞུ་ཡུལ་གྱི་རླབས་ཆེན་མི་སྣ་བཅུའི་ཁོངས་སུ་འདེམས་ཐོན་ཞུས་ཡོད་པ་རེད། མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་གྱི་ལས་དོན་དེ་ཨིན་ཊར་དྲ་རྒྱ་བེད་སྤྱོད་བྱ་ཡུལ་མང་ཤོས་ཀྱི་རྒྱལ་ཁབ་༣༤ནང་༢༠༡༤ ཕྱི་ཟླ་༡༢པའི་ནང་གཉེར་འདུག་ཅིང་། དྲི་བ་ནི། ཁྱེད་རང་གིས་འཛམ་གླིང་ནང་ཡིད་སྨོན་ཆེ་ཤོས་ཞུ་ཡུལ་གྱི་རླབས་ཆེན་མི་སྣ་དེ་སུ་རེད་བསམ་གྱི་འདུག་ཅེས་པ་དེ་ཡིན་པ་རེད། བསམ་ཚུལ་བསྡུ་ལེན་བྱས་པའི་མིང་ཐོའི་ཁོངས་ནས་གྲངས་འབོར་མཐོ་ཤོས་ཀྱི་སྐྱེས་པ་༢༥དང་། བུད་མེད་༢༥འི་མིང་ཐོ་ཟུར་འདོན་ཞུས་ཡོད་པ་རེད།
བསམ་ཚུལ་བསྡུ་ལེན་བྱ་ཡུལ་རྒྱ་ནག་དང་ཨཕྷ་རི་ཀའི་ཡུལ་གྲུ་ནཡེ་ཇེ་རི་ཡ་ཕུད་དེ་མིན་གྱི་ཡུལ་གྲུ་ཧ་ལམ་ཚང་མའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་རླབས་ཆེན་སྐྱེས་བུའི་གདེངས་འཇོག་དང་། ཡིད་སྨོན་ཆེ་ཤོས་ཞུ་ཡུལ་གྲས་སུ་ངོས་འཛིན་བྱས་འདུག་ཅིང་། ལྷག་པར་དུ་ཕྷརནསི་དང་། སུཝེ་ཌན་སོགས་ཡོ་རོབ་ཡུལ་གྲུའི་ཁོངས་ནས་ཡིད་སྨོན་ཞུ་ཡུལ་རྩེ་ཕུད་གྲས་སུ་ངོས་འཛིན་ཞུས་འདུག་པ་དང་། ནོར་ཝེ་དང་ཇར་མེན་ནང་ཨང་གཉིས་པ་དང་། ཌེན་མརཀ་ནང་ཨང་གསུམ་པར་ངོས་འཛིན་ཞུས་འདུག
YouGovཟེར་བའི་ཨིན་ཊར་དྲ་རྒྱའི་ཁྲོམ་རྭའི་ཞིབ་འཇུག་ཚན་པ་དེས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་དེ་ཨིན་ཊར་དྲ་རྒྱ་བེད་སྤྱོད་མང་ཤོས་བྱ་ཡུལ་གྱི་ཡུལ་གྲུ་ཁག་ཏུ་གཉེར་བ་ཞིག་ཡིན་སྟབས། ཡུལ་གྲུ་དེ་དག་ནང་གི་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་བྱས་རྗེས་ཅན་གྱི་མི་སྣ་ཆེས་ཡིད་སྨོན་བྱ་ཡུལ་གྱི་མི་སྣའི་ཁོངས་སུ་འདེམས་ཐོན་ཤུགས་ཆེ་བྱས་ཡོད་ཅིང་། དཔེར་ན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་དང་། རྒྱ་གར་གྱི་སྲིད་བློན་གཉིས་གྲངས་འབོར་མཐོ་ཤོས་ཀྱི་གྲས་སུ་འོས་འདེམས་ཞུས་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།