༸གོང་ས་མཆོག་གིས། བོད་རིགས་གཞོན་སྐྱེས་ཚང་མས་བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་པའི་འོས་འགན་ཡོད་ཅེས་བཀའ་སྩལ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་དུས་ནམ་ཞིག་ཞབས་སོར་འཁོད་ཚེ། ས་གནས་སུ་གནས་སྡོད་ཀྱི་བོད་མི་རྣམས་ལ་དམིགས་བསལ་བཀའ་སློབ་སྩལ་སྲོལ་ཡོད་པ་བཞིན། དེ་རིང་ཕྱི་ཟླ་༧ ཚེས་༢༦ ཉིན་༸གོང་ས་མཆོག་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་ལ་ཞབས་སོར་འཁོད་སྐབས། བོད་མི་རྣམས་ལ་བཀའ་སློབ་སྩལ་བའི་ནང་། དེང་སང་འཛམ་གླིང་ནང་ནང་ཆོས་འགྲེལ་བཤད་དེ་བོད་ཡིག་བརྒྱུད་རྒྱག་ཐུབ་ཀྱི་ཡོད་དུས། བོད་རིགས་གཞོན་སྐྱེས་ཀུན་ལ་བོད་ཡིག་ལ་སློབ་སྦྱོང་བྱེད་དགོས་རྒྱུའི་འོས་འགན་ཡོད་ཅེས་བཀའ་སློབ་སྩལ་གནང་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་ནང་ཆོས་དང་འབྲེལ་བཀའ་སློབ་སྩལ་བའི་ནང་། བོད་ཀྱི་ནང་ཆོས་ལ་ཡིད་ཆེས་ཙམ་མ་ཡིན་པར། རིག་པས་དཔྱད་པ་བྱས་ཏེ་ངེས་པ་རྙེད་ཐུབ་ཀྱི་ཡོད་སྟབས། ནང་ཆོས་ལ་སློབ་གཉེར་བྱེད་པར་བོད་ཀྱི་སྐད་ཡིག་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པས། དེང་སྐབས་བོད་པའི་བཀའ་བསྟན་འགྱུར་ནང་དུ་ཡོད་པའི་ལྟ་གྲུབ་ཁག་ལ་ནུབ་ཕྱོགས་པའི་ཚན་རིག་པ་ཚོས་ཀྱང་ཐུགས་སྣང་ཆེན་པོ་གནང་གི་ཡོད་ཅེས་བཀའ་སྩལ་གནང་སོང་།
དེ་རིང་གི་བཀའ་སློབ་དང་འབྲེལ་བོད་རིགས་གཞོན་སྐྱེས་ཚེ་དབང་སྒྲོལ་དཀར་ལགས་ནས། ༸གོང་ས་མཆོག་གི་བོད་རིགས་གཞོན་སྐྱེས་ཚོས་བོད་སྐད་ཡིག་ལ་སློབ་གཉེར་གནང་དགོས་པའི་བཀའ་ཕེབས་པ་དེས། སེམས་ནང་ཚོར་བ་དམིགས་བསལ་ཞིག་བྱུང་ལ། བོད་ནང་གི་བོད་མི་ཚོས་སྐད་ཡིག་སྦྱོང་དགོས་བསམ་ན་ཡང་དམ་དྲགས་འོག་ཡོད་སྟབས། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོ་ནི་རང་དབང་ལུང་པའི་ནང་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་ལྟ་བུ་ཡིན་སྟབས། བཙན་བྱོལ་ནང་གི་བོད་མི་ཚོས་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་ལ་སློབ་གཉེར་གནང་རྒྱུ་འགན་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཐེངས་འདིའི་བཀའ་ཆོས་སུ་བཅར་མཁན་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་བོད་མི་ལོ་ན་རྒན་པ་ཁག་ཅིག་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུ་བྱུང་བའི་ཚོར་སྣང་ཐད་བཀའ་འདྲི་ཞུས་པར། ལ་དྭགས་བསོད་ནམས་གླིང་བརྒྱ་ཤོག་དང་པོ་ནས་ཡིན་པ་ཚེ་རིང་ལྷ་མོ་ལགས་ནས་ལོ་ན་རྒས་འཁོག་ཆགས་ཡོད་ཀྱང་། ༧གོང་ས་མཆོག་ལ་ཐེངས་མང་མཇལ་རྒྱུ་བྱུང་བ་སེམས་ནང་དགའ་ཚོར་དཔག་མེད་བྱུང་སྐོར་དང་། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་གར་གྱི་མཆོད་པ་འབུལ་རྒྱུའི་གོ་སྐབས་ཐོབ་མཁན་བྱང་ཐང་གསུམ་མདོ་ནས་ཡིན་པ་རབ་རྒྱས་ཚུལ་ཁྲིམས་ལགས་ནས། ༸གོང་ས་མཆོག་གི་མདུན་དུ་གར་གཟིགས་འབུལ་ཐེངས་དྲུག་ཙམ་བྱུང་བས། སེམས་ནང་དགའ་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་དུ་ཞབས་སོར་འཁོད་སྐབས། ༸སྐུའི་བླ་གཟའ་འམ་ལྷག་དཀར་ཡང་འཁེལ་གྱི་ཡོད་པས། བསོད་ནམས་གླིང་བོད་མི་གཞིས་སྤྱི་ལས་ཁུངས་ཀྱི་འགན་འཁུར་འོག་ཉིན་གང་ལྷག་དཀར་ཡང་སྲུང་བརྩི་ཞུས་གནང་ཡོད་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།