འགྲོ་བ་མིའི་གཞི་རྩའི་གཤིས་ཀ་དེ་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན།
2016.06.27

༧གོང་ས་མཆོག་དབུ་བཞུཊ་ཐོག་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་བརྒྱ་ཕྲག་ཁ་ཤས་དང་གཞས་མ་གྲགས་ཅན་ལེ་ཊེ་གྷ་གྷ་སོགས་ལྷན་བགྲོ་གླེང་ལྷན་ཚོགས་གནང་བ།
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་Indianapolis་གྲོང་ཁྱེར་དུ་མཛད་འཕྲིན་སྣ་མང་བསྐྱངས་ཡོད་པ་དང་། ཚེས་༢༦ཉིན། ཨ་རིའི་ནང་གི་གྲོང་ཁྱེར་སྤྱི་ཁྱབ་པའི་ལྷན་ཚོགས་ཐེངས་༨༤་པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་མི་རི་ཀའི་གཞས་མ་དང་སྒྱུ་རྩལ་བ་གྲགས་ཅན་ལེ་ཊེ་གྷ་གྷ་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས་བྱམས་པ་དང་བརྩེ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། ད་དུང་ཨ་མི་རི་ཀའི་གཞས་མ་གྲགས་ཅན་Lady Gaga་ལྷན་དུ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད། གཞན་ཡང་༧གོང་ས་མཆོག་གིས་དེ་གར་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རེ་ཁི་ལེན་ཊོན་(Hillary Clinton)་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་(Trump)་དང་། དེ་བཞིན་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་སོགས་དང་མཇལ་འཕྲད་ཀྱང་གནང་ཡོད་པ་རེད།
ད་ཐེངས་ཀྱི་ལྷན་ཚོགས་དང་འབྲེལ་གཞས་མ་དང་སྒྱུ་རྩལ་བ་གྲགས་ཅན་ལེ་ཊེ་གྷ་གྷ་LadyGaga་ཡིས་སྤྱི་ཚོགས་འབྲེལ་འཐུད་དྲ་ལམ་བརྒྱུད་ནས་འགྲོ་བ་མིའི་བཟོས་པའི་དཀའ་རྙོག་དེ་འགྲོ་བ་མིའི་སེལ་དགོས་པ་དང་། འགྲོ་བ་མིའི་གཞི་རྩའི་གཤིས་ཀ་དེ་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་པས་དེ་ནི་ང་ཚོའི་རེ་བའི་འབྱུང་རྩ་རེད་ཅེས་༧གོང་ས་རྒྱལ་བ་རིན་པོ་ཆེིས་གསུངས་ལུང་འདྲེན་གྱིས་བརྒྱུད་སྤེལ་བྱས་ཡོད་པ་རེད།
དེ་བཞིན་རྒྱ་གར་བ་སོགས་མི་༦༠༠་བརྒལ་བ་འདུ་འཛོམས་སར་༧གོང་ས་མཆོག་གིས་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་བཀའ་གནང་བར། བྱམས་བརྩེའི་ས་བོན་ཞིག་ཐོག་མར་སྐྱེས་དུས་ནས་རང་ཆས་སུ་ཡོད་རུང་བྱམས་བརྩེ་ལག་བསྟར་བྱེད་རྒྱུ་དེ་མི་སྒེར་སོ་སོའི་ངོས་ནས་བྱེད་དགོས་ཀྱི་ཡོད་པ་དང་། དེའང་འཛམ་གླིང་གི་ཞི་བདེར་ཕན་པའི་ལས་དོན་གཉེར་རྒྱུར་ཤེས་ཡོན་སློབ་སྦྱོང་དང་བཟང་སྤྱོད་ཟུངས་སྦྲེལ་གྱི་སྒོ་ནས་ལག་བསྟར་བྱ་དགོས་པ་ཞིག་ཡིན་པའི་སྐོར་བཀའ་སློབ་སྩལ་གནང་ཡོད་པ་རེད།
ད་དུང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཁས་པ་ཁག་ཅིག་དང་ལྷན་དུ། ཤེས་ཡོན་སློབ་གསོའི་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་སྟངས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་བ་དང་། འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་སུ་བྱམས་བརྩེ་གལ་ཆེན་པོ་ཡིན་པའི་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་གནང་ཡོད་པ་རེད་།
༧གོང་ས་མཆོག་གིས། ཤེས་ཡོན་སློབ་གསོའི་ནང་སེམས་བཟང་པོ་བརྒྱུད་ལ་གནས་པ་ཡིན་ཚེ་དེ་ཡིས་རང་གི་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཕན་ཐོགས་ཡོད་པ་ཙམ་དུ་མ་ཟད་རང་ཉིད་དང་འབྲེལ་བ་ཡོད་པའི་མི་དང་ཕན་ཚུན་གྱི་འབྲེལ་བ་གཟབ་ཏུ་གནས་ཐུབ་རྒྱུར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་ཞིང་། གལ་སྲིད་དངངས་སྐྲག་དང་ཞེ་སྣང་གི་བློ་ཞིག་ཡོད་ཚེ་དེ་ཡིས་སོ་སོ་སྒེར་ཙམ་མ་ཟད་མི་ཕན་ཚུན་ཚང་མར་དཀའ་ངལ་ཡོང་རྒྱུའི་རྒྱུ་ཞིག་ཡིན་པ་ལས་བདེ་སྐྱིད་ཡོང་ཐབས་མེད་པར་བརྟེན་ནས་དུས་རྒྱུན་དུ་སེམས་བརྒྱུད་བཟང་པོ་དང་ཞི་བདེ་གོང་འཕེལ་གཏོང་ཐབས་བྱ་རྒྱུ་དེ་ནི་ཚི་འདིར་སོ་སོ་སྒེར་ཙམ་མིན་པར་གཞན་ལའང་ཁེ་ཕན་སྐྲུན་ཐུབ་པ་ཞིག་ཡོང་གི་ཡོད་ཅེས་བཀའ་སློབ་སྩལ་གནང་ཡོད་པ་རེད་། སྐབས་དེར་མང་ཚོགས་ཁྲོད་ནས་༧གོང་ས་མཆོག་ལ་ཨ་མ་ཞིག་གིས་ཕྲུ་གུ་སྤྱོད་པ་ཡག་པོ་ཡོང་ཐབས་སུ་སློབ་གསོ་སྤྲོད་ཕྱོགས་སྐོར་བཀའ་འདྲི་ཞུས་པར་། བྱམས་པ་དང་བརྩེ་བ་ལྡན་པའི་ཐོག་ནས་ཕྲུ་གུའི་མཉམ་དུ་དུས་ཚོད་མང་ཙམ་གཏོང་ཐབས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ༧གོང་ས་མཆོག་ལ་ཐོག་མའི་བྱམས་བརྩེའི་སློབ་གསོ་སྤྲོད་གནང་མཁན་ནི་རྒྱལ་ཡུམ་ཆེན་མོ་ཡིན་པའི་བཀའ་གནང་ཡོད་ལ་། བདེ་སྐྱིད་དང་ཞི་བདེ་ནི་ཕྱི་དངོས་པོའི་ཡར་རྒྱས་དང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་།དེ་བཞིན་ཨ་རིའི་སྲིད་འཛིན་གྱི་ལས་ཁུངས་སོགས་ནས་ཐོབ་ཐུབ་པ་ཞིག་མིན་པར་གཙོ་བོ་རང་ཉིད་ཀྱི་སེམས་ལ་བསྒྱུར་བཅོས་བཏང་ནས་བདེ་སྐྱིད་སྐྲུན་ཐུབ་པ་ཞིག་བྱ་དགོས་ཀྱི་ཡོད་པའི་བཀའ་སློབ་སྩལ་གནང་ཡོད་པ་རེད་།
༧གོང་ས་མཆོག་གི་མཛད་འཆར་གོ་སྒྲིག་ཞུ་མཁན་Indiana་ནང་པའི་བསྟི་གནས་ཁང་དང་། ཆོས་ལུགས་འདྲ་མིན་མཉམ་སྦྲེལ་བསྟི་གནས་ཁང་། དེ་བཞིན་བྱམས་བརྩེའི་བསྟི་གནས་ཁང་བཅས་མཉམ་འབྲེལ་ཐོག་གོ་སྒྲིག་གནང་པ་ཞིག་རེད་འདུག
ཨ་མི་རི་ཀའི་ཨིན་ཌི་ཡ་ནའི་མངའ་སྡེའི་ནང་༧གོང་ས་མཆོག་གི་སྐུའི་གཅེན་པོ་སྟག་འཚེར་རིན་ཆེ་དམ་པ་དེ་ཉིད་རྒྱུན་བཞུགས་གནང་ས་དེ་ཡིན་པ་དང་། དེར་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ་དང་ཉི་མ་གཡུ་སྒྲོན།