བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི་མཛད་འདུག

2021.10.01
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི་མཛད་འདུག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་རྒྱ་གར་སྲིད་འཛིན་(Ram Nath Kovind)་མཆོག་རྣམ་གཉིས། ༡།༩།༢༠༡༧
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་(Ram Nath Kovind)་མཆོག ཕྱི་ཟླ་༡༠་ཚེས་༡་ཉིན་དགུང་གྲངས་༧༦་ལ་ཕེབས་པའི་འཁྲུངས་སྐར་ཉིན་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པའི་ནང་། སྲིད་འཛིན་མཆོག་གིས་རྨང་གཞི་བརྟན་པོའི་སྒོ་ནས་རྒྱ་གར་ཀྱི་འཕེལ་རྒྱས་སྤྱི་དང་། ལྷག་དོན་དུ་མི་མང་ཉམས་ཐག་རྣམས་ཀྱི་བདེ་དོན་ཆེད་ཐུགས་ཐག་གཙང་བཅད་ཐོག་ཕྱག་ལས་གནང་བཞིན་པར་ཡིད་རངས་བསྔགས་བརྗོད་ཀྱང་མཛད་འདུག
ད་དུང་འཚམས་འཕྲིན་ནང་། རྒྱ་གར་དེ་བཞིན་དུས་ཡུན་རིང་པོ་ཞིག་ནས་ཆོས་ལུགས་དང་རིག་གཞུང་འདྲ་མིན་སྣ་ཚོགས་ཀྱི་སྲོལ་རྒྱུན་ལྡན་པ་དང་། ཕན་ཚུན་འཆམ་མཐུན་མཉམ་གཤིབ་ངང་གནས་པའི་ཁྱིམ་ཞིག་ཡིན་པ། རྒྱ་གར་ནི་འཛམ་གླིང་ནང་ནས་མི་འབོར་ཆེ་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་ཅིག་ཀྱང་ཡིན་ལ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་གར་གྱི་ཆེ་མཐོང་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས། ང་ཚོའི་འཛམ་གླིང་འདི་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། རྒྱ་གར་གྱིས་འགྲོ་བ་མིའི་རིགས་ཞི་བདེའི་ཕྱོགས་སུ་བསྐྱོད་རྒྱུའི་ལམ་སྟོན་སྣེ་ཁྲིད་ཀྱི་ཐུགས་འགན་བཞེས་པའི་ཐུགས་རེ་མཛད་ཀྱི་ཡོད་པ་དང་། དེའི་ཁོངས་སུ་རྒྱ་གར་གྱི་གཏེར་མཛོད་ལྟ་གྲུབ་འཚེ་མེད་ཞི་བ་དང་སྙིང་རྗེ་གཞིར་བཞག་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་དག་དེང་སྐབས་ད་ལྟའི་ཆར་ཡང་འབྲེལ་བ་ཡོད་སྟབས། དེ་དག་འཛམ་གླིང་ལ་མཉམ་སྤྱོད་དགོས་པའི་ལམ་སྟོན་མཛད་པ་དང་། ༧མགོན་པོ་གང་ཉིད་ནས་རྒྱ་གར་ནི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་མཉམ་འབྲེལ་གནང་ཐུབ་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པར་ཡིད་ཆེས་མཛད་ཀྱི་ཡོད་པ་དང་དེ་ལ་བརྟེན་ནས་འཛམ་གླིང་འདི་སྔར་ལས་ལྷག་པའི་ཞི་བདེ་ཆེ་བ་བསྐྲུན་ཐུབ་པའི་དགོངས་ཚུལ་འཛིན་གྱི་ཡོད་ཅེས་བཀའ་གནང་འདུག
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལོ་ནི་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༦༢་འཁོར་གྱི་ཡོད་སྟབས། ༧མགོན་པོ་གང་ཉིད་ནས་བོད་མི་ཡོངས་ཀྱི་སྐུ་ཚབ་མཛད་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བཙན་བྱོལ་བོད་མི་རྣམས་ལ་འགྲན་དུ་མེད་པའི་གཏོང་ཕོད་དང་ཕན་སེམས་ཀྱི་སྒོ་ནས་མཐུན་འགྱུར་རོགས་རམ་གནང་བར་བཀྲིན་ཆེ་ཞུ་ཡི་ཡོད་སྐོར་བཀའ་གནང་བ་དང་། མཐའ་དོན་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་མཆོག་གི་འདོད་དོན་ཁག་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་དང་འཚམས་འདྲི་བསྩལ་གནང་མཛད་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎