༧གོང་ས་མཆོག་གི་མཚན་ཐོག་ཝིར་ཇི་ནི་ཡ་གཙུག་ལག་སློབ་ཆེན་དུ་སྤྱི་ཚོགས་ཕན་བདེ་སྒྲུབ་པའི་གཞོན་སྐྱེས་འགོ་ཁྲིད་འདུ་འཛོམས།

2023.08.03
༧གོང་ས་མཆོག་གི་མཚན་ཐོག་ཝིར་ཇི་ནི་ཡ་གཙུག་ལག་སློབ་ཆེན་དུ་སྤྱི་ཚོགས་ཕན་བདེ་སྒྲུབ་པའི་གཞོན་སྐྱེས་འགོ་ཁྲིད་འདུ་འཛོམས། ༢༠༡༧་ལོར་༧གོང་ས་མཆོག་(University of California-San Diego)་གཙུག་ལག་སློབ་ཆེན་དུ་ཕེབས་སྐབས།
AFP

དེ་ཡང་(The Dalai Lama Fellows Contemplative Leadership Assembly)་ཞེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་གོ་ལ་ཁྱོན་ཡོངས་ནས་སྤྱི་ཚོགས་ལ་ཕན་བདེའི་ཞབས་འདེགས་སྒྲུབ་མཁན་གྱི་གཞོན་སྐྱེས་འགོ་ཁྲིད་ཚོའི་འདུ་འཛོམས་ཞིག་འདས་པའི་གཟའ་མཇུག་ནས་བཟུང་ཨ་རིའི་ཝིར་ཇི་ནི་ཡའི་མངའ་སྡེའི་(UVA)་གཙུག་ལག་སློབ་གཉེར་ཁང་དུ་བསྐོངས་ཚོགས་གནང་པ་དང་། དེར་རྒྱལ་ཁབ་༢༠ཙམ་ནས་གཞོན་སྐྱེས་འགོ་ཁྲིད་༦༠ཙམ་མཉམ་ཞུགས་གནང་ཡོད་འདུག
སྤྱི་ཚོགས་ཀྱི་དཀའ་ངལ་མྱངས་མྱོང་པའི་ཡུལ་ལུང་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཀྱི་འདུ་འཛོམས་གོ་སྒྲིག་ཞུ་མཁན་གཙུག་ལག་སློབ་གཉེར་ཁང་དེའི་བདེ་དོན་ཚན་རིག་སྡེ་ཚན་གྱི་འགན་འཁུར་བ་(Aneel Chima)་ཡིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདི་ལྟ་བུའི་ལས་གཞི་བརྒྱུད་ནས་ཕྱི་དངོས་པོ་དང་ནང་བསམ་བློ་ཟུང་འབྲེལ་གྱི་ཐོག་ནས་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་ཐུབ་པའི་ཐུགས་རེ་གནང་ཡོད་རེད་ཅེས་གསུངས་འདུག
དེ་དང་ཕྱོགས་མཚུངས་འདུ་འཛོམས་གོ་སྒྲིག་ཞུ་མཁན་གཞན་སྐུ་ཞབས་(DeMauro)་ཡིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཨ་ཧྥི་རི་ཀའི་གླིང་ཕྲན་ཁག་དང་། དཀྱིལ་ཤར་ཡུལ་གྲུ་སོགས་ཀྱི་ནང་དཀའ་ངལ་ཡོད་སའི་རྒྱལ་ཁབ་ཁག་གི་གཞོན་སྐྱེས་ཚོར་འདི་ལྟབུའི་གོ་སྐབས་ཐོབ་དཀའ་བར་གཟིགས་ཏེ་ཡུལ་གྲུ་དེ་དག་གི་གཞོན་སྐྱེས་ཚོར་ཡང་གོ་སྐབས་གནང་རྒྱུའི་དགོངས་པ་ཆེ་བཞེས་གནང་བ་ཞིག་རེད་ཅེས་གསུངས་འདུག
ད་རེས་ཀྱི་འདུ་འཛོམས་འདིའི་ནང་། འདས་ལོའི་ལས་གཞི་དང་ད་ལོའི་ལས་གཞིའི་ཐོག་གྲོས་བསྡུར་གནང་བཞིན་ཡོད་པ་དང་། འདུ་འཛོམས་དེའི་ཐོག་མཉམ་ཞུགས་གནང་མཁན་ཁོངས་སུ་སྤྱི་ཚོགས་ཀྱི་དཀའ་རྙོག་འདྲ་མིན་འོག་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་དང་། ལས་མེད་ན་གཞོན། ཡང་ན་རྒྱལ་ཁབ་གཞན་དུ་གཞིས་སྤོ་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་ངལ་འཕྲད་པའི་རིགས་སོགས་སྤྱི་ཚོགས་ནང་དཀའ་ངལ་དུ་མར་གདོང་ལེན་བྱེད་མྱོང་མཁན་ཚུད་ཡོད་ཅིང་། ལས་རིམ་འདི་བརྒྱུད་གཞོན་སྐྱེས་མི་རབས་ཁྲོད་ལུས་སེམས་གཉིས་ཀའི་ཐོག་ནས་ཟབ་སྦྱོང་དང་ཡང་སློབ་གསོ་རིགས་སྤྲོད་མཁན་གྱི་སྤྱི་ཚོགས་ཞབས་ཞུ་བའི་གཞོན་སྐྱེས་རིགས་ལ་གོ་སྐབས་སྤྲད་གནང་བ་ཞིག་ཡིན་འདུག
ད་རེས་འདུ་འཛོམས་འདིའི་སྐབས་ཚོགས་ཞུགས་པ་ཚོས་རང་གིས་འགྲོ་སོང་རྩ་བ་ནས་གཏོང་མི་དགོས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་སློབ་ཡོན་ལས་གཞིར་འགྲོ་གྲོན་ནར་གཏོང་གནང་གི་ཡོད་པ་རེད།
༧གོང་ས་ཏཱ་ལའི་བླ་མའི་སློབ་ཡོན་གྱི་ལས་གཞི་འདི་ཕྱི་ལོ་༢༠༡༠ནས་དབུ་འཛུགས་གནང་སྟེ། འཛམ་གླིང་ནང་རྒྱལ་ཁབ་འདྲ་མིན་དང་མི་རིགས་སྣ་ཚོགས་ཀྱི་སློབ་ཕྲུག་ལ་སློབ་ཡོན་འདི་གནང་བཞིན་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎