བོད་ནང་གི་བོད་མི་ཚོས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་རྒྱུན་འཛིན་གནང་མུས་ལ་༧གོང་ས་མཆོག་གིས་བསྔགས་བརྗོད་མཛད་འདུག
དབུས་གཙང་ཆོལ་ཁས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༧པའི་ཚེས་༣༡ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལ་དྭགས་ཞི་བའི་ཚལ་ཐང་ཆེན་གྱི་ཆོས་རྭའི་ནང་། ཆོལ་ཁ་དེ་ཉིད་ཀྱི་འགན་ལྷན་ཚོགས་ཐེངས་བཅུ་དྲུག་པའི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་སྩལ་བའི་སྐབས། བོད་ཀྱི་རིག་གཞུང་གིས་འཛམ་གླིང་སྤྱིའི་སེམས་ཁམས་རིག་པའི་ཤེས་ཚད་གོང་མཐོར་ཡོང་བར་དམིགས་བསལ་ཕན་ཐོགས་ཡོད་པས། དེ་ནི་བོད་མིས་སྒྲུབ་ཐུབ་པའི་འོས་འགན་ཞིག་ཀྱང་ཡིན། དེང་གི་ཚན་རིག་པ་ཚོས་རིག་གཞུང་བཟང་པོ་དེར་དོ་སྣང་བྱེད་ཀྱི་ཡོད་པ་དེ་བོད་མི་ཚོས་མཁྱེན་རྟོགས་དགོས་གལ་ཆེ། ལྷག་དོན་དུ་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་ངེས་ཅན་ཞིག་སྒྲུབ་ཐུབ་ཅེས་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་ལོ་ངོ་བཞི་བཅུ་ལྷག་རིང་། ཚན་རིག་པ་དང་བཀའ་བསྡུར་བགྲོ་གླེང་གནང་བའི་རྗེས་འབྲས་སུ། ད་སྐབས་ཚན་རིག་དང་ཆོས་གཉིས་མཐུན་ཐབས་མེད་པའི་ལྟ་ཚུལ་དེ་ལའང་འགྱུར་བ་ཤུགས་ཆེན་འགྲོ་བཞིན་ཡོད་པར་མ་ཟད། བོད་བརྒྱུད་ནང་བསྟན་ནི་དད་པ་གཅིག་པུ་ལ་བརྟེན་པའི་ཆོས་ལུགས་ཤིག་མ་ཡིན་པར། དེ་ལས་ལྡོག་སྟེ། དེང་གི་ཚན་རིག་དང་དཔུང་པ་མཉམ་གཤིབ་ཐོག་ནས་འགྲོ་ཐུབ་མཁན་གྱི་ཆོས་ལུགས་ཤིག་ཡིན་པ་ངོས་གསལ་དོད་དུ་འགྲོ་བཞིན་ཡོད། ལྷག་པར་དུ་ཚན་རིག་པ་ཁག་ཅིག་གིས་ཚན་རིག་གི་རྣམ་གྲངས་སུ་རང་བྱུང་དང་སྤྱི་ཚོགས་ཚན་རིག་ལས་གཞན་ད་དུང་ནང་དོན་རིག་པའི་ཚན་རིག་འཇོག་དགོས་སྐོར་གསུང་བཞིན་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་གི་གལ་གནད་སྐོར་བཀའ་སློབ་ཕེབས་པའི་ནང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་ཉེ་འཁོར་གྱི་རྒྱལ་ཁབ་དང་འབྲེལ་བ་དམ་ཟབ་ཡོང་བར་དམིགས་ཏེ་བལ་ཡུལ་དང་རྒྱ་ནག་ནས་བཙུན་མོ་རེ་བཞེས་ཡོད་པ་སོགས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་མཛད་དེ། རྒྱ་བཟའ་ཀོང་ཇོར་བོད་པ་ཚོར་རྒྱ་ཡིག་སློབ་ཁྲིད་བྱེད་རྒྱུའི་ཐུགས་རེ་ཡོད་སྲིད་པ་རེད། འོན་ཀྱང་། སྲོང་བཙན་སྒམ་པོས་བོད་མིར་ཟུར་དུ་སྐད་ཡིག་དགོས་གལ་ཆེ་བ་གཟིགས་ཏེ། རྒྱ་གར་ནས་བོད་ཡིག་བླངས་པ་དེ་ནི་ཕུགས་དམིགས་ལྡན་པ་ཞིག་རེད། དེང་སྐབས་བོད་ཡིག་ནི་ནང་ཆོས་ལ་སློབ་གཉེར་བྱེད་སའི་བརྒྱུད་ལམ་ཡག་ཤོས་དེ་ཡིན་ཞེས་བཀའ་གནང་འདུག
རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་ཞུ་རྒྱུ་དང་དད་པ་བྱེད་རྒྱུའི་རང་དབང་མེད་པ་མ་ཟད། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་དམ་དྲགས་ཇེ་ཆེར་གཏོང་མུས་ཡིན་ནའང་། བོད་ནང་གི་བོད་མ་ཚོ་ནི་༧གོང་ས་མཆོག་ལ་གཡོ་བ་མེད་པའི་དད་པ་དམ་ཚིག་ཡོད་པར་བརྟེན། མགོན་པོ་གང་ཉིད་མཆོག་གིས། གཞིས་ལུས་བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་ལ་བཅངས་བའི་ལྷག་བསམ་དང་སྙིང་སྟོབས་བསྔགས་བརྗོད་ཡང་ཡང་མཛད་ཀྱི་ཡོད་པ་བཞིན། ད་རེས་སླར་ཡང་༧གོང་ས་མཆོག་གིས། བོད་ནང་གི་བོད་མི་ཚོས། བོད་ཀྱི་ཆོས་དང་སྐད་ཡིག། རིག་གཞུང་བཟང་པོ་དེ་དག་མུ་མཐུད་རྒྱུན་འཛིན་གནང་མུས་ཡིན་པར་བསྔགས་བརྗོད་མཛད་འདུག
གཞན་ཡང་དེང་སྐབས་རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་དང་། མི་མང་དཀྱུས་མ་སོགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཞུ་ཕྱིར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁར་བཅར་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ཁ་སྔོན་སྤྱི་ཟླ་༧པའི་ཚེས་༡༡ཉིན་མགོན་པོ་གང་ཉིད་མཆོག་ལ་དྭགས་སུ་ཆིབས་བསྒྱུར་མཛད་པ་ནས་བཟུང་། ཁུལ་དེར་རླབས་ཆེན་གྱི་མཛད་འཕྲིན་ཁག་མུ་མཐུད་དུ་སྐྱོང་མུས་ཡིན་པའི་ཁར། སྤྱི་ཚེས་༢༤ཉིན་ལ་དྭགས་ཞི་བའི་ཚལ་ཆོས་རྭའི་ནང་མགོན་པོ་གང་ཉིད་མཆོག་གི་བཀའ་ཆོས་ཞུ་མཁན་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་པ་ཁྲི་དྲུག་ལྷག་ལྷན་འཛོམས་བྱུང་ཡོད་ལ། ད་བར་གང་ཉིད་མཆོག་གི་བཀའ་སློབ་ཞུ་མཁན་མང་པོ་ཞིག་གི་མི་ཚེ་སྐྱེལ་སྟངས་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་པའི་གནས་ཚུལ་ཡང་ཐོན་བཞིན་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།