༧གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་སྐུ་གཤེགས་པར་ཐུགས་གསོ་མཛད་འདུག

དེ་ཡང་བྱང་ཨ་རེས་ལན་ཌིའི་(Ireland)་སྲིད་བློན་དང་པོ་དང་། དེ་སྔ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་ཡོད་པ་སྐུ་ཞབས་(David Trimble)་མཆོག འདི་ཟླའི་ཚེས་༢༥ཉིན་སྙུང་གཞིའི་རྐྱེན་གྱིས་དགུང་གྲངས་༧༧ཐོག་སྐུ་གཤེགས་ཡོད་འདུག
འདི་ཚེས་༢༦ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས། དམ་པ་དེ་ཉིད་ཀྱི་སྐུ་ཟླར་ཐུགས་གསོའི་གསུངས་འཕྲིན་བསྩལ་བའི་ནང་། ཡིད་སྐྱོ་བའི་གནས་ཚུལ་འདིར་ངོས་ཀྱིས་དམ་པ་དེ་ཉིད་ལ་བསྔོ་བ་སྨོན་ལམ་དང་། ཉིད་ཀྱི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། དམ་པ་དེ་ཉིད་ཀྱིས་བློ་སྟོབས་ཆེན་པོ་དང་། དངོས་ཡོད་ཀྱི་ལམ་ནས་ཕན་ཚུན་གཉིས་ཕན་གྱི་ཐབས་ལམ་ཞིག་བཙལ་ཏེ་བྱང་(Ireland)་ནང་ཞི་བདེ་བསྐྲུན་གནང་ཡོད། ངོས་རང་ནི་ཁ་གཏད་ཚོགས་པ་ཁག་གི་དཀའ་ངལ་རྣམས་གྲོས་མོལ་དང་རྒྱལ་ཁབ་ཕན་ཚུན་བར་འབྲེལ་ལམ་བརྒྱུད་སེལ་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། བྱང་(Ireland)་ནང་གི་དཀའ་ངལ་སེལ་སླད་དམ་པ་དེ་ཉིད་ཀྱིས་ཐུགས་འགན་ཆེ་བཞེས་ཀྱིས་གྲོས་མཐུན་གྱི་གན་རྒྱར་མཚན་རྟགས་བཀོད་ཐུབ་པ་བྱུང་ཡོད་ལ། དེ་ནི་ང་ཚོའི་དུས་སྐབས་འདིར་ཞི་བདེ་བསྐྲུན་ཐབས་ཀྱི་མིག་དཔེ་བལྟ་ས་ཞིག་ཆགས་ཡོད། ངོས་རང་དམ་པ་ཁོང་དང་ལྷན་དུ་བྱང་(Ireland)་དང་ས་གནས་གཞན་དུ་ཐེངས་འགའ་ཤས་མཇལ་འཕྲད་ཀྱི་གོ་སྐབས་བྱུང་། དམ་པ་ཁོང་གིས་བྱང་(Ireland)་ནང་ཞི་བདེ་བསྐྲུན་ཐབས་སུ་ཞབས་འདེགས་རླབས་ཆེན་ཞུས་གནང་བ་དེར་ངོས་ནས་ཡིད་སྨོན་བྱེད་ཀྱི་ཡོད་ཅེས་དམ་པ་ཁོང་ལ་བརྗོད་མྱོང་ཡོད ཅེས་དང་། མཐར་༧གོང་ས་མཆོག་གིས། གལ་ཏེ་ང་ཚོས་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་ཕན་ཚུན་བསམ་ཤེས་དང་བརྩི་བཀུར འདུམ་འགྲིག་བྱས་ཏེ་དཀའ་ངལ་རྣམས་སེལ་ཐབས་བྱེད་ཐུབ་ན། དེ་ནི་སྐུ་ཞབས་(David Trimble)་ལགས་སུ་རྗེས་དྲན་བྱེད་སྟངས་འོས་ཤིང་འཚམས་པ་ཞིག་ཆགས་ངེས་ཡིན་ཞེས་བཀའ་སྩལ་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།