རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

2023.07.06
རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་ཡོད་པ་རེད།
སྒྲིག་བཟོ།/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༨ལ་ཕེབས་པར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀྱི་ཐོག་ནས་སྤྱི་ཟླ་༧པའི་ཚེས་༦ཉིན། ༧གོང་ས་མཆོག་དབུ་བཞུགས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་ཤིང་། རྒྱ་གར་གྱི་སྲིད་བློན་ནཱརན་དྷརཱ་མོ་དྷི་(Narendra Modi)་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་པར་ཕུལ་གནང་གིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་འདུག སྲིད་བློན་ནཱརན་དྷརཱ་མོ་དྷི་(Narendra Modi)་མཆོག་གིས་ཁོང་སྐུ་སྒེར་གྱི་(twitter)་དྲྭ་བའི་ཐོག ༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཞུས་ཐོག་ཁོང་གི་གྱ་བརྒྱད་ཀྱི་འཁྲུངས་སྐར་ལ་སྙིང་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་ཡིན། ཁོང་སྐུ་ཁམས་བཟང་ཞིང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་འདུག

དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་སྟེང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས། སྤྱི་ནོར་༧གོང་ས་མཆོག་དགུང་གྲངས་༨༨ལ་ཕེབས་པའི་འཁྲུངས་སྐར་ཉིན་མཛའ་ཞིང་དྲོ་བའི་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་ནི་བོད་མི་ཚོར་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཞེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཁེངས་དྲེགས་མེད་པའི་བྱམས་བརྩེ་ནི་འཛམ་གླིང་ནང་གི་མི་མང་པོར་མིག་དཔེ་ཡར་བལྟ་ཞུ་ཡུལ་དུ་གྱུར་ཡོད་པར་མ་ཟད། ངོས་རང་སྒེར་ལ་མཚོན་ན་ཁོང་གི་ཞི་བདེ་དང་འཚེ་མེད་ཞི་བའི་འགྱུར་མེད་ཀྱི་ཆོད་སེམས་ལ་རྟག་ཏུ་ཡིད་རངས་ཞུ་བཞིན་ཡོད་ཅེས་གསུངས་འདུག ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། དེ་རིང་ནི་ང་ཚོས་ཁོང་གི་བྱམས་སྙིང་རྗེ་དང་བཟོད་བསྲན་བཅས་ཀྱི་བཀའ་སློབ་རྣམས་ལ་བསམ་ཞིབ་ཀྱིས་བོད་མི་ཐེ་བའི་འགྲོ་བ་མི་ཀུན་གྱི་འགྲོ་བ་མིའི་ཐོབ་ཐང་དགུང་དུ་འདེགས་རྒྱུར་ཆོད་སེམས་སྟོན་པའི་ཉིན་མོ་ཞིག་ཀྱང་ཡིན་པ་གསུངས་འདུག
ལྷག་པར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་སྤེལ་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བའི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་དེའི་ནང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ཕྱོགས་ཀྱི་ངོ་བོ་སྲུང་སྐྱོབ་སྤྱི་དང་བྱེ་བྲག་ཏུ་བོད་མི་ཚོས་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རང་དབང་གི་ཐོག་ནས་འདེམས་བསྐོ་ཞུ་བ་དང་སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་དད་མོས་ཞུ་བའི་རང་དབང་བཅས་ལ་ཨ་མི་རི་ཀའི་གཞུང་གི་ངོས་ནས་འགྱུར་མེད་ཀྱི་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་གསུངས་འདུག

གཞན་ཡང་རྒྱ་གར་གཞུང་གི་ཚན་རིག་བློན་ཆེན་(Kiren Rijiju)་ལགས་ནས་ཀྱང་། དེ་མཚུངས་ཀྱིས་༧གོང་ས་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཏུ། ༧གོང་ས་མཆོག་གི་དགོངས་པ་དང་ལམ་སྟོན་ཕེབས་པ་ཁག་ནི། འགྲོ་བ་མིའི་བྱམས་བརྩེ་དང་ཞི་བདེ་གོང་འཕེལ་གྱི་ལམ་སྟོན་གྱི་སྒྲོན་མེ་ཆགས་ཡོད་ཅེས་བྲིས་འདུག
རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་མཚུངས་སུ། ༧གོང་ས་མཆོག་ནི་བརྩེ་བ་དང་སྙིང་རྗེ། ཤེས་རབ་སོགས་དང་ངོ་བོ་དབྱེར་མེད་ཀྱི་གོང་བུ་ཞིག་ཡིན་པས། ཁོང་གི་ལམ་སྟོན་གྱིས་ཆོས་ལུགས་དང་རིག་གཞུང་། རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་སྐྱེ་བོ་གྲངས་མེད་པ་ལ་ཕན་ཐོགས་རྒྱ་ཆེ་འབྱུང་གི་ཡོད་པས། བསྟན་འགྲོའི་མགོན་དཔུང་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཐུགས་བཞེད་ལྷུན་འགྲུབ་ཀྱི་སྨོན་འདུན་གནང་ཡོད་པ་རེད།
རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang)་མཆོག་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་༧སྐུའི་འཁྲུངས་སྐར་དུས་ཆེན་ཉིན་དངོས་སུ་བཅར་བ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་འབྲས་ལྗོངས་མི་དམངས་ཡོངས་ལ་དུས་རྟག་ཏུ་ཐོབ་པའི་སྨོན་འདུན་ཡོད་པ་གསུངས་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Arvind Kejriwal)་ལགས་ནས་ཀྱང་། འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ཁོང་གི་རེ་བར་༧གོང་ས་མཆོག་གིས་ད་མུས་བཞིན་མི་ལོ་གྲངས་མེད་པར། སེམས་པ་བཟང་པོ་དགོས་པའི་བསླབ་བྱ་དང་གཞན་གྱི་བདེ་སྡུག་ལ་བསམ་ཤེས་ཐུབ་པའི་ལམ་སྟོན་སོགས་ཁྱབ་སྤེལ་གནང་སྐྱོང་གི་སྨོན་འདུན་ཞུས་ཡོད་པ་དང་། ཡང་ལ་དྭགས་ཀྱི་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ནས། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱིས་བྱམས་བརྩེ་དང་སྙིང་རྗེ་གོང་མཐོར་འཕེལ་གྱི་ཡོད་པས། མགོན་པོ་གང་ཉིད་སྐུ་གཟུགས་འཕྲོད་བཞེས་ཡག་པོ་དང་ཐུགས་སེམས་སྤྲོ་བོ་ཡོང་རེ་སྨོན་ཡོད་ཐོག གང་ཉིད་ཀྱི་གསུང་གིས་མི་རབས་མང་པོར་བརྩེ་བ་དང་ཞི་བདེའི་ལམ་བུ་གསལ་བར་མཛད་ཡོད་པར་སོང་། ང་ཚོས་མགོན་པོ་གང་ཉིད་སྐུ་ཚེ་ཡུན་རིང་འཚོ་བཞུགས་དང་། ཐུགས་བཞེད་འགྲུབ་པའི་སྨོན་ལམ་ཡོད་ཅེས་བྲིས་ཡོད་པ་རེད།
ཡང་རྒྱ་གར་ཨོ་ཊི་ཤྭ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Naveen Patnaik)་ལགས་ནས། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ། མགོན་པོ་གང་ཉིད་སྐུ་ཚེ་ཡུན་བརྟན་དང་སྐུ་གཟུགས་བདེ་ཐང་གིས། འཛམ་གླིང་འདིར་ཞི་བདེ་དང་བྱམས་བརྩེ། འཆམ་མཐུན་ཁྱབ་སྤེལ་གྱི་མཛད་འཕྲིན་རྒྱ་ཁྱབ་རུ་བསྐྱང་བའི་རེ་སྨོན་ཡོད་པ་འཁོད་འདུག
རྒྱ་གར་ཏེ་ལིང་གཱ་ནཱ་མངའ་སྡེའི་བློན་ཆེན་(Nara Chandrababu Naidu)་ལགས་ནས། འཁྲུངས་སྐར་ལ་འཚམས་འདྲི་དང་རེ་སྨོན་ཞུས་ཡོད་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་གྷོ་ཝ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Dr. Pramod Sawant)་ལགས་ནས། ༧གོང་ས་མཆོག་གི་མཁྱེན་དཔྱོད་དང་བྱམས་བརྩེ། ཞི་བདེའི་བསླབ་བྱ་ཡིས་འགྲོ་བ་མི་ས་ཡ་མང་པོའི་སེམས་ལ་འགྱུར་བ་ཐེབས་ཡོད་པས། མགོན་པོ་གང་ཉིད་ཀྱི་སྐུ་གཟུགས་བདེ་ཐང་དང་སྐུ་ཚེ་ཡུན་བརྟན། འཚོ་བ་ལྷིང་འཇགས་ཤིག་ཡོང་བའི་བྱིན་རླབས་འཇུག་པར་ཤོག་ཅིག་ཅེས་སྨོན་འདུན་གནང་ཡོད་པ་རེད། ཡང་རྒྱ་གར་གཞུང་གི་སྲོལ་རྒྱུན་གསོ་རིག་བློན་ཆེན་(Sarbananda Sonowal)་ལགས་ནས། མགོན་པོ་གང་ཉིད་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན། ཤེས་རབ་ཀྱི་མཚོན་རྟགས་ཤིག་ཆགས་ཡོད་པས། སྐུ་ཚེ་ཡུན་བརྟན་དང་སྐུ་གཟུགས་བདེ་ཐང་གི་སྨོན་ལམ་བཏབ་འདུག
རྒྱ་གར་གྲོས་ཚོགས་འཐུས་མི་(Shashi tharoor)་ལགས་ཀྱིས། འཁྲུངས་སྐར་གྱི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདིར། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། མཛད་འཕྲིན་གྱི་འོད་སྣང་གིས་མཛམ་གླིང་གི་མུན་པ་སེལ་བའི་སྨོན་ལམ་གནང་ཡོད་ཅེས་འཁོད་ཡོད་པ་ལྟར། འཛམ་གླིང་ཡུལ་གྲུ་ཧ་ཅང་མང་པོ་ནས་མགོན་པོ་གང་ཉིད་ཀྱི་རྗེས་འཇུག་ས་ཡ་མང་པོས་སྐུའི་འཁྲུངས་སྐར་སྲུང་བརྩི་དང་། འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་གྲངས་མེད་ཅིག་ཡིག་ངག་གཉིས་ཐོག་ནས་སྤྱི་ཚོགས་དྲ་ལམ་སོགས་སུ་ཕུལ་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎