བཀའ་དབང་ཞུས་རྗེས་དམ་ཚིག་གཙོ་བོ་དེ་སེམས་བཟང་པོ་བྱ་རྒྱུ་དེ་ཡིན། ༧གོང་ས་མཆོག་གིས།

2022.06.14
བཀའ་དབང་ཞུས་རྗེས་དམ་ཚིག་གཙོ་བོ་དེ་སེམས་བཟང་པོ་བྱ་རྒྱུ་དེ་ཡིན། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྔོན་འགྲོའི་སྟ་གོན་སྩལ་སྐབས། ༠༦།༡༣།༢༠༢༢
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༦པའི་ཚེས་༡༤ཉིན་ས་ག་ཟླ་བའི་ཚེས་༡༥ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དངོས་གཞི་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་བསྩལ་གནང་མཛད་ཅིང་། ནམ་རྒྱུན་བོད་མི་ཚོས་འཕགས་པ་སྤྱན་རས་གཟིགས་ནི། བོད་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་ཞེས་ཐུན་མོང་མ་ཡིན་པའི་མགོན་པོར་ངོས་འཛིན་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་ལྟར། སྐབས་དེར་༧གོང་ས་མཆོག་གིས། འཕགས་པ་སྤྱན་རས་གཟིགས་དང་བོད་མི་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་བཀའ་གནང་བ་དང་། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པའི་ཕན་ཡོན་དང་གལ་གནད་སྐོར་གསུངས་ནས། རང་གཞན་གཉིས་ཀྱི་བདེ་སྐྱིད་ཀྱི་བྱུང་རྩ་ནི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་རྒྱུ་དེ་ཡིན་པ་བཀའ་གནང་ཞིང་། ད་རེས་སྤྱན་རས་གཟིགས་ཀྱི་དབང་ཞུས་པའི་རྗེས་དམ་ཚིག་གཙོ་བོ་དེ་སེམས་བཟང་པོ་བྱ་རྒྱུ་དེ་ཡིན་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་རིགས་ནི་ཧ་ཅང་གི་བློ་སྟོབས་ཆེ་བའི་མི་རིགས་ཤིག་ཡིན་པའི་ཁར། ལྷག་པར་དུ་དེ་སྔ་བོད་ཀྱི་རྒྱལ་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་གཙོས་པའི་ཆོས་རྒྱལ་རྣམས་ནས་ད་ཡོད་བོད་མི་རིགས་ཀྱི་སྐད་ཡིག་དང་རིགས་གཞུང་། དེ་བཞིན་ནང་ཆོས་སོགས་དར་སྤེལ་དང་མི་ཉམས་རྒྱུན་འཛིན་ཐོག་རླབས་ཆེན་གྱི་མཛད་པ་བསྐྱངས་ཡོད་པ་བཀའ་གནང་སོང་།

dalai lama gyawa.jpg
ད་རེས་ཉིན་གཉིས་རིང་ཆོས་འབྲེལ་སྐབས། རྒྱལ་ཁབ་ཕྱི་ནང་གི་དད་ལྡན་བ་སྟོང་ཕྲག་ཁ་ཤས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཆོས་ཞུ་བར་ཕེབས་འདུག་ཅིང་། རྒྱ་གར་བྱང་ཕྱོགས་ཁུ་ནུ་ནས་དད་ལྡན་མི་མང་༡༦༠ཕེབས་འདུག་པའི་ཁྲོད་སྐལ་བཟང་ལགས་ཀྱིས། ཏཱའི་སི་ཏུ་རིན་པོ་ཆེ་དང་ཁོང་ཚོའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པས། རིན་པོ་ཆེའི་བཀའ་དྲིན་དང་མཐུན་འགྱུར་ལ་བརྟེན་ནས་ད་རེས་༧གོང་ས་མཆོག་གི་བཀའ་དབང་དེ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་དེ་ཐོབ་ནས་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ཡང་ཝེཏ་ནམ་རྒྱལ་ཁབ་ནས་དད་ལྡན་པ་མི་གྲངས་༡༠༠ཐེངས་འདིའི་བཀའ་ཆོས་ཞུ་གར་ཕེབས་འདུག་ཅིང་། ཀྲན་རོང་ཨཱན་ལགས་ཀྱིས། རྒྱུན་དུ་དྲ་ལམ་བརྒྱུད་ནས་༧གོང་ཏཱ་ལའི་བླ་མ་མཆོག་གིས་བཀའ་ཆོས་ཞུ་བཞིན་ཡོད། འོན་ཀྱང་། ད་རེས་གང་ཉིད་མཆོག་༧སྐུ་དངོས་སུ་མཇལ་བ་ངའི་མི་ཚེའི་ནང་ཐེངས་དང་པོ་ཡིན། མཇལ་མ་ཐག་ཏུ་སེམས་ནང་ཚོར་བ་མ་འདྲ་བ་ཞིག་དང་། བདེ་བ་ཐོབ་པའི་མྱོང་ཚོར་བྱུང་ལ། ཧ་ཅང་གི་སྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
རིང་མིན་སྤྱི་ཟླ་༦པའི་ཚེས་༢༤ཉིན། བོད་མིའི་ཚོགས་སྡེ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎