༧གོང་ས་མཆོག་ད་ལོ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཐེངས་གཉིས་ཆིབས་བསྒྱུར་བསྐྱངས།
ལོ་ལྟར་གནང་སྲོལ་ཡོད་པ་བཞིན་བཞུགས་སྒར་དུ་ཉེ་ལམ་མ་ཎི་དུང་སྒྲུབ་གནང་བཞིན་པར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཉིན་དང་པོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་མ་ཟད། སྤྱི་ཟླ་༦པའི་ཚེས་༨ཉིན་ཡང་༧གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་དང་འབྲེལ། མ་ཎི་དུང་སྒྲུབ་ཀྱི་རིལ་དེ་མི་མང་པོས་ལོངས་སུ་སྤྱད་དེ་རྩ་ཆེན་པོར་བརྩི་བཞིན་ཡོད་པས། སྐུ་ཉིད་མ་ཎི་བསག་པར་ཡོང་བ་ཡིན་ཞེས་དེར་འདུས་སེར་སྐྱ་མི་མང་ལ་བཀའ་ཕེབས་ཡོད་པ་རེད།
རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་ནས། ད་ལོ་མ་ཎི་དུང་སྒྲུབ་ནི་དམིགས་བསལ་ཐུན་མོང་མ་ཡིན་པ་དང་། ཧ་ཅང་དགོངས་པ་རྒྱ་ཆེན་པོ་ཡོད་པའི་བསམ་ཚུལ་ཡོང་དོན་ནི། ༧རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་མིའི་རྣམ་རོལ་དང་བོད་ཆོས་ལྡན་ཞིང་ལ་ཧ་ཅང་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པ་དང་མཚུངས་སུ། ད་ལོ་༧གོང་ས་མཆོག་གི་སྐུ་གཟུགས་སྔོན་དང་མི་འདྲ་བའི་ཡག་པོ་ཆགས་ཡོད་པ་དང་། སྤྱན་རས་གཟིགས་ཀྱི་དབང་ཆེན་དང་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཐེངས་མ་གཉིས་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཆིབས་བསྒྱུར་སྐབས་གཞན་དང་མི་འདྲ་བའི་ཐུགས་སྨོན་རྒྱ་ཆེ་གནང་སོང་བ་དང་ཆབས་ཅིག ཇོ་བོ་ཝ་ཏི་བཟང་པོ་གདན་ཞུས་བྱིན་རླབས་གནང་བའི་ཁར། སྔོན་དང་མི་འདྲ་བའི་སེར་སྐྱ་མང་པོ་ཞིག་བཅར་ཡོད། ད་ལོ་མ་ཎི་དུང་སྒྲུབ་ཀྱི་རིལ་བུ་དེ་ནི་རིལ་བུ་དཀྱུས་མ་ལ་ཐུགས་སྨོན་གནང་བ་ཙམ་མིན་པར། སྤྱན་རས་གཟིགས་སྒོམ་བཟླས་ཀྱི་ཐོག་ནས་བདག་བསྐྱེད་དང་མདུན་བསྐྱེད། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བའི་སྒོ་ནས་ཆ་ལག་ཚང་བ་ཞིག་བྱུང་ཡོད་པས། དེའི་ནུས་པ་གཞན་དང་མི་འདྲ་བར་འགྲོ་དོན་རྒྱ་ཆེ་ཡོང་རེ་ཡོད་པ་བཅས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་གངས་ཅན་ལྗོངས་དང་འཕགས་པ་སྤྱན་རས་གཟིགས་ནི། ཕན་ཚུན་ཐུན་མོང་མ་ཡིན་པའི་གདུལ་བྱ་འདུལ་བྱེད་ཀྱི་འབྲེལ་བ་གྲུབ་ཡོད་པ། སངས་རྒྱས་ཀྱི་བཀའ་དྲི་མ་མེད་པའི་ལུང་གིས་ཟིན་ཡོད་པར་བརྟེན། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་དུ་ཞབས་སོར་འཁོད་དེ་གང་འཚམས་ནས་བཟུང་། ལོ་རེ་བཞིན་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་དུང་སྒྲུབ་གནང་བའི་རིལ་བུ་ཁྲི་འབུམ་མང་པོ་ཕྱོགས་གང་སར་བཀྲམས་ཏེ། ལུས་སེམས་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་མང་པོར་ཕན་བདེ་རྒྱ་ཆེ་བསྐྲུན་དང་སྐྲུན་བཞིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།