བོད་མི་བགྲེས་སོང་མང་པོ་ཞིག་གིས་༧གོང་ས་མཆོག་མཇལ་རྒྱུའི་རེ་བ་མངོན་འགྱུར་བྱུང་འདུག
འཛམ་གླིང་ནང་འགྲོ་བ་མི་མང་ས་ཡ་མང་པོ་ཞིག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་རྒྱུ་ནི། སོ་སོའི་མི་ཚེ་ནང་སྒྲུབ་དགོས་པའི་རེ་བ་ཆེ་ཤོས་གྲས་ཤིག་ལ་ངོས་འཛིན་བྱེད་མུས་ཡིན་པའི་ཁར། མགོན་པོ་གང་ཉིད་མཆོག་ནི་བོད་མི་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པས། བོད་མི་ཚོར་མཚོན་ན། ༧གོང་ས་མཆོག་ནི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཞིག་ལ་དངོས་འཛིན་བྱེད་མུས་ཡིན་པས། ༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་ནི་སོ་སོའི་མི་ཚེ་ནང་སྒྲུབ་དགོས་པའི་རེ་བ་ཆེ་ཤོས་ཤིག་ཀྱང་ཡིན་པར་བརྟེན། ཨ་མི་རི་ཀར་གནས་བཞུགས་བསྟན་འཛིན་རྒྱལ་པོ་ལགས་ཀྱིས་གོ་སྒྲིག་དང་མཐུན་འགྱུར་འོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཆགས་པའི་ཌལ་ཧོར་སི་ཁུལ་དུ་༧གོང་ས་མཆོག་གི་ཞལ་དངོས་སུ་མཇལ་རྒྱུའི་ཆེད་དུ་ཡུན་རིང་རེ་སྒུག་བྱེད་བཞིན་པའི་བོད་མི་བགྲེས་སོང་༤༠ལྷག་ཉེ་ལམ་བཞུགས་སྒར་རྡ་རམ་ས་ལར་ཁྲིད་དེ་མགོན་པོ་གང་ཉིད་མཆོག་དངོས་སུ་ཞལ་མཇལ་བྱུང་སྟེ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་བྱུང་འདུག་པ་དང་། དེ་ནི་བགྲེས་སོང་ཚོས་སོ་སོའི་ཚེ་མཇུག་གི་རེ་བ་ཆེ་ཤོས་དེ་ད་རེས་དངོས་སུ་གྲུབ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དགུང་ལོ་༨༥ཡིན་པའི་ཌལ་ཧོར་སིར་གནས་བཞུགས་བགྲེས་སོང་བློ་གསལ་ལགས་ཀྱིས། དེ་སྔ་བོད་ལ་༧གོང་ས་མཆོག་དགུང་ལོ་༡༦ལ་ཕེབས་པའི་སྐབས་ལྷ་སར་འབྲས་སྤུངས་དགོན་པར་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེས་ཁོང་རང་ཉིད་ལ་དམིགས་བསལ་གྱི་བག་ཆགས་བཞག་ཡོད་པ་མ་ཟད། ད་རེས་སླར་ཡང་༧གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་ནི། ཡུན་རིང་རེ་སྒུག་བྱས་པའི་རེ་བ་མངོན་འགྱུར་བྱུང་བ་ལྟ་བུ་འགྱུར་ཞིང་། ད་ནི་འཇིག་རྟེན་འདི་དང་ཁ་བྲལ་བ་ཡིན་ནའང་བློ་འགྱོད་མེད་ཅེས་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཌལ་ཧོར་སི་ཁུལ་གྱི་བོད་མི་བགྲེས་སོང་རྣམས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་རྗེས། ཉིན་བཞིའི་རིང་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཆོས་ཞུ་དང་གནས་སྐོར་སོགས་མ་སྐུལ་དྭང་བླངས་ཀྱི་ཐོག་ནས་གོ་སྒྲིག་དང་མཐུན་འགྱུར་གནང་མཁན་ཨ་རིར་གནས་བཞུགས་བསྟན་འཛིན་རྒྱལ་པོ་ལགས་ནི། ཌལ་ཧོར་སི་བོད་མི་འདུས་སྡོད་ཁུལ་དུ་ཆུང་དུས་ནས་མཚར་ལོངས་བྱུང་བའི་བོད་མི་ན་གཞོན་ཞིག་ཡིན་འདུག་ཅིང་། ཁོང་གིས། ད་རེས་ཌལ་ཧོར་སི་ཁུལ་དུ་དཔལ་འབྱོར་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་བགྲེས་སོང་མི་ཉུང་ཞིག་ཡོད་པ་དེ་དག་ལ་གཙོ་བོར་དམིགས་ཏེ་སྤྱི་ཚོགས་ཞབས་ཞུའི་ལས་གཞི་དེ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག
དགུང་ལོ་༧༢ཡིན་པའི་མཚམས་གཅོད་ལགས་ནི། དེ་སྔ་སྤྱི་ལོ་༡༩༧༡ཙམ་ནས་ཌལ་ཧོར་སི་བོད་མིའི་བཟོ་གྲྭའི་ནང་ཕྱག་ལས་གནང་སྟེ། ད་ལྟའི་ཆར་བགྲེས་ཡོལ་དུ་ཕེབས་འདུག་ལ། ད་རེས་ཁོང་མོར་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེས་སེམས་ལ་བརྗོད་དཀའ་བའི་ཚོར་བ་བྱུང་སྟེ་མིག་ཆུ་རང་དབང་མེད་པ་ཤོར་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
ད་རེས་ཌལ་ཧོར་སིའི་བགྲེས་སོང་རྣམས་བཞུགས་སྒར་དུ་ཆོས་ཞུ་དང་གནས་སྐོར་གྱི་ལས་གཞི་དེའི་ཐོག་གཙོ་བོ་ཕུར་བུ་དགྲ་འདུལ་ལགས་དང་བསམ་གྲུབ་ཆོས་རྒྱལ་ལགས་རྣམ་གཉིས་ནས་འབྲེལ་མཐུད་པའི་ཐུགས་འགན་བཞེས་ཏེ་བགྲེས་སོང་རྣམས་ཀྱིས་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་དང་། གནས་ཆུང་ཆོས་རྒྱལ་ཆེན་མོའི་སྐུ་རྟེན། དཔལ་ས་སྐྱའི་ཁྲི་འཛིན་༤༢ དང་༤༣ པ་རྣམ་གཉིས། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ལ་མཇལ་ཁ་ཞུས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།