འདས་པའི་ཟླ་བ་གཅིག་གི་དུས་ཡུན་ནང་༧གོང་ས་མཆོག་གིས་རྒྱལ་ཁབ་འདྲ་མིན་གྱི་དགེ་འདུན་པ་དྲུག་བརྒྱ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་འདུག

སངས་རྒྱས་ཐུགས་རྗེ་ཅན་གང་ཉིད་ཀྱི་ཞལ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་དང་མི་གནས་ནི། དགེ་འདུན་གྱི་སྡེ་ཡོད་མེད་དང་འདུལ་བའི་བསྟན་པ་གནས་མིན་སོགས་ལ་རག་ལས་ཡོད་པར་གསུངས་པ་བཞིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ནས། ལོ་རེར་འཆར་ཅན་དུ་ཕྱི་ནང་གི་མི་རིགས་བརྒྱ་ཕྲག་མང་པོར་དགེ་ཚུལ་སློང་གི་སྡོམ་པ་འབོག་འཇོག་གནང་གི་ཡོད་ཅིང་། འདི་ལོར་ཡང་སྤྱི་ཟླ་༥པའི་ཚེས་༩ནས་༢༢བར་བཞུགས་སྒར་ཕོ་བྲང་དུ། བྱེས་ཀྱི་གདན་ས་ཁག་དང་བལ་ཡུལ་དང་རྒྱ་གར་བཅས་ཀྱི་དགོན་སྡེ་གྲྭ་ཚང་ཁག་༣༠ལྷག་དང་། དེ་བཞིན་ཨ་མི་རི་ཀ་དང་ཝིཡཏ་ནམ། སི་པན་དང་སོག་པོ། འཇར་མན་སོགས་ཡུལ་གྲུ་ཁག་འདྲ་མིན་གྱི་མི་རིགས་སོགས་ཁྱོན་གྱི་མི་གྲངས་༦༠༠ བརྒལ་བར། བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གནང་གི་རླབས་ཆེན་གྱི་མཛད་པར། ། དགེ་ཚུལ་སློང་གཞོན་སྐྱེས་མང་པོར་བློ་སྤོབས་དང་སེམས་ཤུགས་ཆེན་པོ་སྐྱེས་པ་བྱུང་འདུག རྒྱ་གར་ཧི་མ་ལ་ཡའི་མི་རིགས་ཡིན་པ་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་བློ་བཟང་དོན་གྲུབ་ལགས་ཀྱིས། དགེ་སློང་གི་སྡོམ་པ་བླངས་ནས་བསྟན་པ་ལ་ཞབས་ཞུ་སྒྲུབ་རྒྱུའི་དམིགས་ཡུལ་ཡོད་པ་གསུངས་བྱུང་བ་དང་། ཡང་བལ་ཡུལ་ནས་ཡིན་པ་བློ་བཟང་ཀུན་མཁྱེན་ལགས་ནས། ༧གོང་ས་མཆོག་དགུང་ལོ་མཐོན་པོ་དེ་ཙམ་ལ་ཕེབས་ནའང་། སྐུ་ངལ་ལ་མ་འཛེམས་པར་ང་ཚོ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་བ་ནི་ཧ་ཅང་བསྐལ་བ་བཟང་པོར་ཚོར་ཞིང་། སོ་སོས་མ་འོངས་པར་བསྟན་འགྲོ་སྤྱི་སྒོས་ཀྱི་ཆེད་ཕན་བདེ་བསྒྲུབ་འདུན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་རྒྱ་གར་མི་རིགས་དགེ་སློང་གི་སྡོམ་པ་བཞེས་མཁན་བསྟན་འཛིན་ཆོས་བཟང་ལགས་ནས། དགེ་སློང་གི་སྡོམ་པ་ཐོབ་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་བསགས་དགོས་ཀྱི་ཡོད་ཅིང་། སོ་སོ་ལ་དགེ་སློང་གི་སྡོམ་པ་ཐོབ་པའི་མཐུ་ནུས་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པར་ཞུགས་ནས་ཞབས་འདེགས་སྒྲུབ་འདུན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་བརྒྱུད་ནང་བསྟན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལྟར་ན། དགེ་སློང་གི་སྡོམ་པ་བླངས་ནས་བཟུང་དགེ་སློང་ཚོས་འདུལ་བའི་ཁྲིམས་༢༥༣སྲུང་དགོས་ཁར། དམ་པའི་ཆོས་ལ་ཚུལ་བཞིན་དུ་གནས་ཏེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་སྦྱོར་བར་རྩེ་གཅིག་ཏུ་བརྩོན་པ་ནི་དགེ་འདུན་གྱི་བྱ་བ་གཙོ་བོ་དེ་དག་ཡིན་པ་རེད།
༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་མཆོག་དང་། ༧རྒྱལ་དབང་བཅུ་བཞི་པ་ཆེན་པོ་རྣམ་གཉིས་ནི་དགེ་ཚུལ་སློང་གི་སྡོམ་པ་མང་ཤོས་བསྩལ་མཁན་དེ་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།