༧གོང་ས་མཆོག་གིས་རྒྱལ་ཁབ་འདྲ་མིན་གྱི་དགེ་འདུན་པ་དྲུག་བརྒྱ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བཞིན་འདུག

2022.05.09
༧གོང་ས་མཆོག་གིས་རྒྱལ་ཁབ་འདྲ་མིན་གྱི་དགེ་འདུན་པ་དྲུག་བརྒྱ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བཞིན་འདུག ༧གོང་ས་མཆོག་གིས་རྒྱལ་ཁབ་འདྲ་མིན་གྱི་དགེ་འདུན་པ་ཚོར་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་སྐབས། ༠༥།༠༩།༢༠༢༢
OHHDL

ཕྱི་ཟླ་༥བའི་ཚེས་༩ནས་༢༢བར་བྱེས་ཀྱི་གདན་ས་ཁག་གཙོས། རྒྱ་གར་དང་བལ་ཡུལ་ནང་གི་ནང་པའི་དགོན་སྡེ་གྲྭ་ཚང་ཁག་༣༠ལྷག་དང་། དེ་བཞིན་ཨ་རི་དང་ཝེ་ཏི་ནམ། སི་པེན། ཇར་མན་སོགས་ཕྱིའི་རྒྱལ་ཁབ་ཁག་བཅུ་ཙམ་ནས་ཕེབས་པའི་དགེ་འདུན་པ་ཞལ་གྲངས་ ༦༣༠ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། ཉིན་དང་པོ་འདི་ཚེས་༩ཉིན་དགེ་འདུན་པ་༥༠ལྷག་བསྙེན་རྫོགས་སྒྲུབ་གནང་མཛད་ཡོད་པ་རེད།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་བསྟན་པ་གནས་མིན་ནི་དགེ་འདུན་གྱི་སྡེ་གནས་མིན་ལ་རག་ལུས་ཡོད་པ་གསུངས་ཤིང་། ༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྣམ་གཉིས་ནི་༧རྒྱལ་དབང་༧སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་དགེ་ཚུལ་སློང་གི་སྡོམ་པ་མང་ཤོས་བསྩལ་གནང་མཛད་མཁན་གཉིས་ཡིན་པ་རེད།
དེ་རིང་བསྙེན་རྫོགས་སྒྲུབ་གནང་མཛད་པའི་སྐབས། ༧གོང་ས་མཆོག་གིས་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་མཇུག་པ་དགེ་འདུན་པ་རྣམས་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་གི་བསྐལ་བ་བཟང་པོ་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཞན་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཐོག་མ་དེ་གནས་མཆོག་རྡོ་རྗེ་གདན་གྱི་སངས་རྒྱས་ཐུབ་པའི་དབང་པོའི་སྐུ་བརྙན་གྱི་མདུན་ནས་བསྒྲུབ་གནང་མཛད་ཡོད་པ་ནི་ཤིན་ཏུ་བསྐལ་བ་བཟང་པོ་ཞིག་བྱུང་བ་བཀའ་གནང་འདུག
ད་རེས་དགེ་སློང་གི་སྡོམ་པ་བཞེས་མཁན་གྱི་ཁོངས་ཀྱི་ཝི་ཏེ་ནམ་ནས་ཡིན་པ་དགེ་འདུན་པ་བསྟན་འཛིན་དབང་གྲགས་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དགེ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བ་དེ་ནི་ཆེས་དགའ་ཚོར་ལྡན་པ་ཞིག་དང་ཁོང་རང་ཉིད་ཧ་ཅང་གི་སེམས་བདེ་པོ་བྱུང་ཞེས་དང་། ༧གོང་ས་མཆོག་གིས་དགེ་སློང་གི་སྡོམ་པ་གནང་གྲུབ་རྗེས་གཙོ་བོ་གཞན་ཕན་གྱི་ལས་ལ་གཉེར་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་གསུངས་བྱུང་།
གཞན་ཡང་འབྲས་སྤུངས་བློ་གསལ་གླིང་ནས་ཡིན་པ་དགེ་འདུན་པ་སྟོང་ཐུན་ལགས་ཀྱིས་དགེ་སློང་གི་སྡོམ་པ་གནང་གྲུབ་རྗེས་གཙོ་བོ་འདུལ་བའི་ཁྲིམས་༢༥༣སྲུང་རྒྱུ་གལ་ཆེ་ཡིན་པ་དང་། ལྷག་པར་དུ་བོད་ནས་ཧི་མ་ལ་ཡ་བརྒྱུད་ནས་འདིར་སླེབས་པ་བཞིན་ད་རེས་༧གོང་ས་མཆོག་གི་སྐུ་མདུན་ནས་དགེ་སློང་སྒྲུབ་རྒྱུ་བྱུང་བ་ནི་ཧ་ཅང་གི་བསྐལ་བ་ཟང་པོ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་རེས་དགེ་སློང་གི་སྡོམ་པ་མ་སྩལ་གོང་༧གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་གཟིགས་ཐོག་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་ལོ་ལྟར་དགོན་པ་གུར་ཞལ་གྱི་གཏོར་སྒྲུབ་རྒྱལ་གཏོར་ཆེན་མོ་ཚོགས་གནང་བཞིན་ཡོད་པའི་དབུ་མགོན་དུ་ཚོགས་བཞུགས་མཛད་པ་དང་། རིང་མིན་འཚོགས་རྒྱུའི་རྣམ་རྒྱལ་གྲྭ་ཚང་གི་ལོ་རེའི་རྡུལ་མཚོན་དཀྱིལ་འཁོར་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཆེན་མོའི་ས་ཆོག་སྒྲུབ་བཞིན་པར་གནང་ཐུགས་ཞིབ་མཛད་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎