༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་བརྙན་ཐུང་གི་དོན་རྐྱེན་ཐོན་རྗེས་གླེང་ཕྱོགས་བཟོ་མཁན་གང་འདྲས་སེ་བྱུང་ཡོད་དམ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་བརྙན་ཐུང་གི་དོན་རྐྱེན་ཐོན་རྗེས་གླེང་ཕྱོགས་བཟོ་མཁན་གང་འདྲས་སེ་བྱུང་ཡོད་དམ།
-རྩོམ་པ་པོ། ཀྲེན་གྲུང་ཧྲེང་། ༼ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ།༽
གཞོན་སྐྱེས་བུ་མོ་སུ་ཞིག་གིས་སྐྱེས་པ་རྒན་ཁོག་ཞིག་ནས་འདི་ལྟ་བུའི་མཛའ་བརྩེའི་རྣམ་འགྱུར་སྟོན་པ་ཟེར་བར་ཁས་ལེན་བྱེད་ཀྱི་རེད་དམ་ཅེས་དང་། འཛམ་གླིང་ཁྱོན་ཡོངས་ལ་བྱིས་པར་མཛའ་བརྩེའི་རྣམ་པ་སྟོན་པར་ཐུན་མོང་གི་ས་མཚམས་ཤིག་ཡོད་ལ། གང་འདྲ་ཞིག་ནི་ཀུན་སློང་བཟང་པོ་ཡིན་པ་དང་། གང་འདྲ་ཞིག་ནི་ཆགས་སྤྱོད་ཀྱིས་མི་བདེ་བ་བཟོས་པ་ཞིག་ཡིན་པ། མི་རྣམས་ཀྱི་མིག་ནི་དྭངས་ཤིང་གསལ་བ་ཞིག་ཡོད་ཅེས་སྤྱི་ཟླ་༤ཚེས་༡༦ཉིན་གོ་ལའི་དུས་བབ་༼རྒྱ་ནག་གཞུང་འབྲེལ༽་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་ཧུའུ་ཤི་ཅིང་ནས་སྒེར་གྱི་(weibo)་སྤྱི་ཚོགས་དྲ་ཚིགས་ཐོག་གསལ་ལ་མི་གསལ་གྱི་བརྙན་པར་དུམ་བུ་ཞིག་བཏོན་ཡོད། དེའི་ནང་ནད་གཞིས་རྐྱེན་པས་རྐང་ལག་གཉིས་པོ་མེད་པ་ཆགས་པའི་དབྱིན་ཡུལ་གྱི་བུ་མོ་(Tilly Lockey)་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་སུན་པོ་བཟོས་ཡོད་པའི་གོ་རྒྱུ་བསྟན་ཡོད།
བརྙན་པར་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་(Tilly Lockey)་མི་མང་པོ་ཡོད་པའི་ཚོགས་རྭའི་ནང་ལྷན་དུ་བཞུགས་ཡོད་ཅིང་། ཁོང་མོར་འཕྲུལ་འཁོར་གྱི་ལག་པ་རྫུས་མ་མཐུད་ཡོད་པར་བྱིལ་བྱིལ་གནང་བཞིན་པ་མཇལ་རྒྱུ་ཡོད། བརྙན་པར་དུམ་བུ་འདི་ཧུའུ་ཤི་ཅིང་གི་འཕྲིན་ཕྲན་ཐོག་ཉུང་མཐར་ས་ཡ་གསུམ་དང་འབུམ་ལྔ་བརྒལ་པས་བལྟས་འདུག རྩོམ་དེའི་གཤམ་ལ་མཆན་བཀོད་མཁན་ནས་ཏཱ་ལའི་བླ་མ་ནི་བྱིས་པར་ཆགས་སྤྱོད་ཀྱི་རྣམ་འགྱུར་བཏོན་མཁན་རེད་ཟེར་བ་དང་ཁྲམ་པ་རྒན་ཁོག་ཟེར་བ་སོགས་ཀྱི་མཚན་སྨད་ཞུས་འདུག
འདི་ནི་ཉེ་ཆར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་བརྙན་ཐུང་གི་དོན་རྐྱེན་འདི་ཐོན་པའི་རྗེས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཐོག་ཁྱབ་སྤེལ་མང་པོ་བྱུང་པའི་འབྲེལ་ཡོད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལྡོག་ཕྱོགས་ཀྱི་གནས་ཚུལ་བཀོད་སྤེལ་གྲས་ཤིག་རེད། སྤྱི་ཟླ་གཉིས་པའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་དུ་མང་ཚོགས་འདུ་འཛོམས་ཀྱི་མཛད་སྒོ་ཞིག་གི་སྐབས་འཐམ་ཆོག་པའི་རེ་འདུན་ཞུ་མཁན་གྱི་བྱིས་པ་བུ་ཆུང་ཞིག་ལ་ངའི་ལྕེ་འཇིབ་དང་ཟེར་གསུངས་ཡོད། བརྙན་པར་འདི་ནི་ཨ་རིའི་རླུང་འཕྲིན་ཁང་(VOA)་གི་ངོ་དེབ་ཐོག་བཞག་ནས་ཟླ་བ་གཅིག་ལྷག་ཙམ་ཕྱིན་པའི་རྗེས་རྩོད་གླེང་བྱུང་པ་ཞིག་ཡིན་ཞིང་། སྤྱི་ཟླ་༤ཚེས་༡༠ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དགོངས་སེལ་གསལ་བསྒྲགས་ཤིག་བཏོན་ཡོད་པ་དེར་གཞིགས་ཏེ་གསར་འགྱུར་བརྒྱུད་ལམ་མང་པོས་གནས་ཚུལ་སྤེལ་པ་དང་། རྩོད་གླེང་དྲག་པོ་འདི་ད་ལྟ་ཡང་མུ་མཐུད་གནས་བཞིན་ཡོད།
དེའི་རྗེས་སུ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་གི་ནང་དེ་མིན་གྱི་བརྙན་པར་ཕོན་ཆེན་བརྒྱུད་སྤེལ་བྱེད་འགོ་བཙུགས་ཡོད། གོང་དུ་ཞུས་པའི་སྤྱི་ལོ་༢༠༡༨ལོར་ཐོན་པའི་ཏཱ་ལའི་བླ་མས་(Tilly Lockey)་ལ་བྱིལ་བྱིལ་བྱས་བ་ཟེར་བ་བརྙན་པར་དུམ་བུ་དེ་ཕུད། ད་དུང་སྤྱི་ལོ་༢༠༡༦ལོར་ཨ་རིའི་གཞས་མ་གྲགས་ཅན་(Lady Gaga)་པུས་ལོར་ཏཱ་ལའི་བླ་མས་བྱིལ་བྱིལ་བྱས་ཟེར་བའི་བརྙན་པར་ཞིག་ཀྱང་ཐོན་ཡོད།
བརྙན་པར་འདི་ཚོའི་ནང་གི་ནང་དོན་གང་ཞིག་བདེན་པ་རེད་དམ། གང་ཞིག་ཁ་སྣོན་ཟེར་བའི་ཐོག་ནས་བཟོ་བཅོས་བྱས་པ་རེད་དམ། དེའི་རྒྱབ་ལ་དབྱངས་རྟའི་འགྲོས་ཤིག་གི་ཐོག་ནས་རིམ་པ་བཞིན་ཟེར་བ་ལྟར་གཅིག་འགྱུར་ངང་ཁྱབ་སྤེལ་བྱེད་མཁན་ཞིག་ཡོད་པ་རེད་དམ།
ལྕེ་བསྣར་བ་ཟེར་བའི་དོན་རྐྱེན་ལས་ཐོན་པའི་རྩོད་གླེང་།
༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་བརྙན་ཐུང་གི་དོན་རྐྱེན་འདིའི་བརྙན་པར་ཆ་ཚང་དེ་རྒྱ་གར་གྱི་རྡ་རམ་ས་ལར་པར་ལེན་ཞུས་པ་ཞིག་ཡིན་ཞིང་། བྱིས་པ་བུ་ཆུང་ཞིག་གིས་མང་ཚོགས་འདུ་འཛོམས་ཀྱི་མཛད་སྒོ་ཞིག་གི་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རེ་འདུན་ཞིག་བཏོན་ནས་༧གོང་ས་མཆོག་ལ་འཐམ་ཆོག་པ་ཞུས་ཡོད། བྱིས་པ་བུ་ཆུང་དེ་མདུན་ལ་བསྐྱོད་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གང་ཉིད་ཀྱི་ཞལ་རས་ལ་ཕྱག་འཛུབ་བཙུགས་པ་གནང་སྟེ་སྔོན་ལ་འདིར་ཟེར་གསུངས་ཡོད། བུ་ཆུང་དེས་གང་ཉིད་ཀྱི་ཞལ་རས་ལ་མཆུ་ཏོ་ཐུག་ཙམ་ཞུས་པ་དང་། དེ་རྗེས་འཛུམ་མུལ་མུལ་ངང་གང་ཉིད་ལ་འཁྱུད་འཐམ་ཞུས་ཡོད། དེའི་རྗེས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་གང་ཉིད་ཀྱི་ཞལ་མཆུར་ཕྱག་འཛུབ་བཙུགས་པ་གནང་སྟེ་བུ་ཆུང་འདིའི་མཆུ་ཏོར་འོ་གནང་ཡོད། དེའི་སྐབས་ཚོགས་རྭའི་ནང་ཡོད་པའི་མི་ཚོའི་དགོད་སྒྲ་དང་ཐལ་མོ་རྡེབ་པའི་སྒྲ་ཐོས་ཐུབ་ཀྱི་ཡོད། དེ་རྗེས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངའི་ལྕེ་འཇིབ་ཟེར་བ་གསུངས་པ་དང་དུས་མཚུངས་ལྗགས་བཏོན་པ་གནང་ཡོད་རུང་། མཐའ་མར་ལྗགས་ཡར་བསྐུམས་པ་གནང་པ་མ་ཟད། ད་དུང་གང་ཉིད་ཀྱི་དབུ་པད་བུ་ཆུང་འདིའི་དཔྲལ་བར་ཐུག་པ་གནང་ཡོད།
བརྙན་པར་དུམ་བུ་འདིར་སྐྱོན་བརྗོད་དང་རྩོད་གླེང་དྲག་པོ་བྱུང་ཡོད། བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་པ་དང་། ཡང་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བརྩི་བཀུར་ཞུ་མཁན་གྱི་ཕྱོགས་ནས་དེ་ནི་ལྷད་མེད་པའི་བསམ་པ་རྣམ་དག་གི་རྣམ་འགྱུར་ཞིག་ཡིན་པ་དང་། བུ་ཆུང་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅེས་སྐྱོང་དང་གཟིགས་སྐྱོང་ཐོབ་པར་ངོས་འཛིན་བྱས་པ་མ་ཟད། ད་དུང་སྲོལ་རྒྱུན་གྱི་བོད་ཀྱི་རིག་གཞུང་གི་དཔང་རྟགས་ལུང་འདྲེན་བྱས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གནང་སྟངས་འདིས་གནོད་པ་སྐྱེལ་པ་དང་ཕོག་ཐུག་བཏང་པ་མཚོན་གྱི་མེད་པར་ནན་བརྗོད་བྱས་ཡོད། ཡང་ཕྱོགས་གཞན་གྱིས་ངོས་འཛིན་བྱས་པར། ༧གོང་ས་ཏཱ་ལའི་བླ་མ་དང་བུ་ཆུང་འདིའི་ཐུག་རེག་འདི་ཐལ་ཆ་ཆེ་དྲགས་པས་མི་དགའ་བ་ཡོང་བ་དང་། རིག་གཞུང་མང་པོའི་ནང་འདི་ནི་བྱིས་པའི་ཐོབ་ཐང་ལ་གནོད་འཚེ་བཏང་པའི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱ་རྒྱུ་དང་། དཔེར་ན། རྒྱ་གར་གྱི་བྱིས་པའི་ཐོབ་ཐང་ཚོགས་པ་(Center for Child Rights)་ཟེར་བའི་ཚོགས་པས་བོད་ཀྱི་རིག་གཞུང་གི་རྣམ་པ་བཏོན་སྟངས་ཟེར་བ་འདི་རིགས་ལ་ཁས་ལེན་ཐུབ་རྒྱུ་མིན་པ་བརྗོད་ཡོད།
དོ་བདག་གཉིས་ཏེ། བྱིས་པ་བུ་ཆུང་དེ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གཉིས་ནས་ཀྱང་ལན་འདེབས་གནང་ཡོད་ཅིང་། བུ་ཆུང་འདི་དང་ཁོང་གི་ཨ་མས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཕན་ཚུན་འབྲེལ་བ་བྱུང་པ་འདི་ནི་ཧ་ཅང་གི་མཛེས་སྡུག་ལྡན་པའི་ཉམས་མྱོང་ཞིག་ཡིན་པ་ཁོང་ཚོས་ངོས་འཛིན་བྱས་ཡོད་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་ནང་ཕོག་ཐུག་ཡོང་སྲིད་པ་འདིར་དགོངས་སེལ་ཞུས་གནང་པ་མ་ཟད། ད་དུང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྟག་ཏུ་ལྷག་བསམ་ཟོལ་མེད་དང་ཀུ་རེའི་ངང་སྐུ་འགྲམ་གྱི་མི་ལ་སྐུ་རྩེད་གནང་གི་ཡོད་པ་ནན་བརྗོད་གནང་ཡོད།
འོན་ཀྱང་གནད་དོན་འདིའི་རླབས་རྒྱུན་མ་ཡལ་པར། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་རྩ་བ་ནས་གླེང་མི་ཆོག་པར་དམ་དྲག་ཡོད་པའི་རྒྱ་ནག་གི་སྤྱི་ཚོགས་ནང་། གསར་འགྱུར་བརྒྱུད་ལམ་ཧ་ཅང་མང་པོ་དང་བསམ་ཚུལ་བཏོན་མཁན་གྱི་འགོ་ཁྲིད་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ནག་ཉེས་ཟེར་བ་མང་པོ་གླེང་སློང་ཤུགས་ཆེན་བྱེད་འགོ་བཙུགས་ཡོད་ལ། ད་དུང་བརྙན་པར་རྙིང་པ་ཕོན་ཆེན་བརྒྱུད་སྤེལ་བྱེད་འགོ་བཙུགས་ཡོད།
༧གོང་ས་ཏཱ་ལའི་མ་མཆོག་གིས་(Tilly Lockey)་ལ་ཆགས་སྲེད་ཀྱི་ལག་པ་ཟེར་བ་བརྐྱངས་གནང་ཡོད་དམ།
ཁྱབ་སྤེལ་རྒྱ་ཆེ་ཙམ་བྱུང་པ་ཞིག་དང་དྲ་ལམ་ཐོག་མི་ཉུང་བ་ཞིག་གིས་ཁོང་ཁྲོ་བྱེད་པ་ཞིག་ནི་སྐད་གྲགས་ཡོད་པའི་རྐང་ལག་གཏུབ་ཟིན་པའི་བུ་མོ་ཆུང་ཆུང་དེར་ཏཱ་ལའི་བླ་མས་སྡོད་བཟོད་མི་བདེ་བ་བཟོས་པ་ཟེར་བ་འདི་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་འབྲེལ་ཡོད་ཡིག་ཆ་བདེན་དཔང་ར་སྤྲོད་བྱུང་པ་མ་ཟད། ད་དུང་(Tilly Lockey)་ངོ་ཚབ་ལ་སྐབས་དེ་དུས་ཀྱི་གནས་ཚུལ་འདྲི་རྩད་བྱས་ཡོད།
མཛད་སྒོ་དེ་ནི་སྤྱི་ལོ་༢༠༡༨ལོའི་ཟླ་༩ཚེས་༡༥ཉིན་ཧོའོ་ལེནཌ་ལ་ཚུགས་པ་ཞིག་ཡིན་ཞིང་། གཙོ་བོ་ནི་ཚན་རིག་ལག་རྩལ་གྱི་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་འཚོ་བར་ཕན་ཐོགས་ཆེ་བ་ཡོང་ཐབས་སྐོར་གྱི་བགྲོ་གླེང་ཞིག་ཆགས་ཡོད། དེའི་སྐབས་(Tilly Lockey)་ནི་ལོ་༡༣ལས་སོན་མེད་ཅིང་། ཁོ་མོའི་རྐང་པ་གཡོན་མར་རྐང་པ་རྫུན་མ་ཞིག་མཐུད་ཡོད་པ་དང་། ལག་པ་གཉིས་པོར་གཅིག་མཚུངས་ལྕགས་ཀྱི་མི་ལྟ་བུའི་ལག་ཚབ་ཅིག་མཐུད་ཡོད། མཛད་སྒོ་འདི་འགོ་བཙུགས་སྐབས་ཁོང་གིས་དལ་པོའི་ངང་སྡིངས་ཆའི་སྟེང་སྐྱོད་དེ་༧གོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཐོག་ཡོད་པའི་མི་རྣམས་ལ་རང་ཉིད་ཕྲུ་གུ་དམར་འབྱར་ཡིན་དུས་ཀླད་པའི་གཉན་ཚད་ཀྱི་ནད་ཕོག་སྟེ་དེའི་དབང་གིས་ཁྲག་སྲིན་དུག་མཆེད་ཀྱི་ནད་ཐོན་པར་བརྟེན། རྐང་ལག་མ་བཅད་རང་བཅད་བྱུང་བའི་མྱོང་བ་རྣམས་ངོ་སྤྲོད་ཞུས་ཡོད། ༢༠༢༡ལོར་ལོ་༡༧ལ་སླེབས་པའི་(Tilly Lockey)་ཡིས་ད་དུང་རང་ཉིད་ཀྱི་(twitter)་དྲྭ་ཚིགས་ཐོག་སྐབས་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་མ་ཟད། ད་དུང་སྐབས་དེ་དུས་མཛད་སྒོའི་ཐོག་བླངས་པའི་ཁོང་རྣམ་གཉིས་ཀྱི་འདྲ་པར་ཡང་བཞག་ཡོད།
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་ཐོག་ནས་ཡོད་པའི་གཞུང་འབྲེལ་(Youtube)་ཐོག་ལ་ཆུ་ཚོད་གཉིས་ཀྱི་མཛད་སྒོའི་བརྙན་པར་ཆ་ཚང་སྤེལ་ཡོད་པ་དང་། སྐབས་དེ་དུས་(Tilly Lockey)་ཡིས་འཛུམ་མུལ་མུལ་ངང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཚན་རིག་ལག་རྩལ་གྱི་གོང་འཕེལ་ཁྲོད་ནས་ཁོ་མོར་གཞན་དང་མི་འདྲ་བའི་ལག་པ་ཞིག་ཇི་ལྟར་བྱུང་སྐོར་ཞུས་པ་དང་། བུ་མོ་ཆུང་ཆུང་འདིས་སྣང་བ་སྐྱིད་ལ་སྤོབས་པ་ལྡན་པའི་ངང་འཕྲུལ་འཁོར་གྱི་ལག་པ་འདི་བཀོལ་སྤྱོད་བྱས་པར། དང་ཐོག་༧གོང་ས་མཆོག་ནས་ཐུགས་ཡ་མཚན་དང་ཐུགས་སྤྲོ་སྣང་གཉིས་ལྡན་གྱི་རྣམ་པ་བཏོན་གནང་པའི་མ་ཚད་ཡང་ཁོ་མོའི་འཕྲུལ་འཁོར་གྱི་ལག་པར་ཕྱག་བཏང་གནང་ཡོད།
ཁོང་གཉིས་ཀྱི་ལུས་པོ་ཐུག་པ་ཟེར་བ་དངོས་གནས་འདི་(Tilly Lockey)་ཡིས་༧གོང་ས་མཆོག་ལ་ཁོང་གི་ལོ་རྒྱུས་ངོ་སྤྲོད་ཞུས་པའི་རྗེས་སུ་བྱུང་པ་ཞིག་རེད།
ཁོ་མོས་བརྗོད་པར། ཟླ་བ་བཅོ་ལྔ་ཙམ་ཡིན་པའི་ཁོ་མོའི་ཚེ་སྲོག་འདི་སྐྱོབ་ཁག་པོ་ཆགས་པ་སྨན་པས་སྐབས་དེ་དུས་བརྗོད་ཡོད་ན་ཡང་། ཁོང་ནི་ངོ་མཚར་ལྡན་པ་བཞིན་གསོན་ཐུབ་པ་བྱུང་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གནས་ཚུལ་འདི་གསན་སྐབས་ཁོ་མོའི་སྒལ་པར་བཅག་བཅག་བྱིལ་བྱིལ་གནང་ཡོད།
ཧུའུ་ཤི་ཅིང་གིས་ལུང་འདྲེན་བྱས་པའི་བརྙན་པར་གྱི་དུམ་བུ་དེ་མཛད་སྒོ་དེའི་མཇུག་ལ་ཡིན་པ་དང་། བརྙན་པར་འདི་ཕལ་ཆེར་ཆུ་ཚོད་གཅིག་དང་སྐར་མ་༤༥དང་སྐར་ཆ་༣༥ཡི་མཚམས་འདིར་མཛད་སྒོའི་གཙོ་སྐྱོང་བས་(Tilly Lockey)་བསྐྱར་དུ་སྡིངས་ཆའི་ཐོག་ཡར་ཁྲིད་སླེབས་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་འགྲམ་དེར་བསྡད་པའི་སྐབས་ཡིན། ཁོ་མོ་འཁྱར་འཁྱོར་ངང་མདུན་དེར་སླེབས་སྐབས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱག་བརྐྱངས་གནང་སྟེ་ཁོ་མོའི་ལག་ངར་ནས་འཇུས་པ་གནང་སྟེ་ཁོ་མོ་མར་བསྡད་དུས་སྐྱོར་རོགས་གནང་ཡོད། དེ་རྗེས་གང་ཉིད་ཀྱིས་ཕྱག་གཡས་པས་(Tilly Lockey)་ཡི་ལག་ངར་ལ་བྱིལ་བྱིལ་གནང་ཡོད།
དང་ཐོག་གི་བརྙན་པར་འདིར་དཔྱད་བསྡུར་བྱས་པའི་སྐབས་ཤེས་རྟོགས་བྱུང་བར། ཧུའུ་ཤི་ཅིང་གིས་ལུང་འདྲེན་བྱེད་པའི་པར་རིས་དེ་ནི་༧གོང་ས་ཏཱ་བླ་མ་མཆོག་གིས་བོུ་དེའི་ལག་ངར་ལ་བྱིལ་བྱིལ་གནང་པའི་སྐར་ཆ་༡༦གི་བརྙན་པར་འདི་ཟུར་བཏོན་བྱས་པ་ཞིག་ཡིན་པ་དང་། དེ་ཡང་ཆེ་རུ་བཏང་པ་བརྒྱུད་བཟོ་བཅོས་བྱས་པའི་བརྙན་པར་དུམ་བུ་དེ་རེད། དང་ཐོག་ཚོགས་རྭའི་ནང་གི་རྣམ་པ་ཆ་ཚང་ཡོད་པ་དེ་མཐར་བཅད་གཏུབ་བྱས་ནས་(Tilly Lockey)་དང་༧གོང་ས་ཏཱ་ལའི་བླ་མ་ཁོང་རྣམ་གཉིས་གཅིག་པུ་ལས་མེད་པ་བཟོས་ཡོད།
རྒྱ་ནག་གིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཕྱོགས་ཐད་རྒྱུན་རིང་ལྟ་ཞིབ་བྱེད་མཁན་ཨ་རིའི་ཉམས་ཞིབ་ཁང་གི་ཕྱི་འབྲེལ་ལྷན་ཚོགས་ཀྱི་ཤར་ལྷོ་ཨེ་ཤེ་ཡའི་ལས་དོན་ཁང་གི་ཉམས་ཞིབ་པ་བགྲེས་པ་(Joshua Kurlantzick)་ནས་ངོས་འཛིན་གནང་པར། རྗེས་ལ་བཟོ་སྒྲིག་བྱས་པ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བུ་མོ་ཆུང་ཆུང་གི་ལག་ངར་ལ་བྱིལ་བྱིལ་གནང་པ་ཟེར་བའི་བརྙན་པར་དེ་ཆེད་མངགས་ཆེ་རུ་བཏང་པའི་བྱེད་སྟངས་འདི་རིགས་ནི་ཁྱབ་སྤེལ་གྱི་ནུས་པ་དང་ཡང་ན་དོན་རྐྱེན་དེ་རིགས་ལ་ལྟ་དུས་དེ་བས་ཐབས་སྡུག་པ་དང་ཐ་ན་ཉེན་ཁ་ཅུང་ལྡན་ཡོད་པ་ཟེར་བའི་ནུས་པ་ཞིག་ཐོན་པའི་རེ་ངན་བཅངས་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་འདྲི་རྩད་བྱས་པ་བརྒྱུད་(Tilly Lockey)་ཡི་ངོ་ཚབ་ལས་དོན་ཁང་(Tainted Ltd)་ཟེར་བས་ཀྱང་ཁོང་གི་ཚབ་བྱས་ཏེ་ཕྱི་ཕྱོགས་ཀྱི་དོ་ཁུར་བྱས་པར་ལན་འདེབས་ཐོག་མ་འདི་བྱས་ཡོད། ལས་དོན་ཁང་གིས་གློག་འཕྲིན་ནང་བརྗོད་པར། (Tilly Lockey)་སྐབས་དེ་དུས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བ་ཞུས་པ་དེ་ནི་ཀུན་སློང་བཟང་པོ་དང་གུས་བཀུར་གྱི་རྣམ་པ་རང་ཡིན་པ་ལས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མ་རུངས་ཁོག་བཅུག་གི་གནད་དོན་ལན་འདེབས་བྱེད་བཅུག་པ་འདིར་(Tilly Lockey)་ཡིས་མི་དགའ་བ་ཞིག་ཡོང་གི་འདུག་ཅེས་བརྗོད་ཡོད།
༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་(Lady Gaga)་ཡི་པུས་མོར་འཆང་གནང་པ་འདི་གང་འདྲ་རེད་དམ།
ཧུའུ་ཤི་ཅིང་གིས་ཁྱབ་སྤེལ་བྱས་ཏེ་ཁྱབ་གདལ་ཆེན་པོ་ཕྱིན་པའི་བརྙན་པར་གཞན་ཞིག་ནི་ཏཱ་ལའི་བླ་མ་དང་ཨ་རིའི་གཞས་མ་གྲགས་ཅན་(Lady Gaga)་ཡི་འབྲེལ་བ་འདི་ཡིན་ཞིང་། ཧུའུ་ཤི་ཅིང་གིས་བརྗོད་པར། ཏཱ་ལའི་ཡིས་མང་ཚོགས་འདུ་འཛོམས་སར་རྣལ་མིན་གྱི་བྱེད་སྟངས་དང་ཐ་ཤལ་གྱི་བྱེད་སྟངས་འདི་ནོར་འཁྲུལ་ཐོག་མ་ཟེར་བ་འདི་འདྲ་མིན་པ་ར་སྤྲོད་བྱུང་ཡོད་ཅེས་བྲིས་འདུག
ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་བརྙན་པར་ཆ་ཚང་གི་ཐོག་ནས་བདེན་དཔང་ར་སྤྲོད་ཐུབ་པར། མཛད་སྒོ་དེ་ནི་༢༠༡༦ལོའི་ཟླ་༦ཚེས་༢༦ཉིན་ཨ་རིའི་ཨིན་ཌི་ཡ་ཎ་མངའ་སྡེར་ཚོགས་པའི་ཨ་རི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ཚོགས་ཆེན་ཐོག་ཡིན་ཞིང་། ཁོང་རྣམ་གཉིས་ཀྱི་མཛད་སྒོ་ཞིག་གི་ཐོག་ཀུན་སློང་བཟང་པོ་དང་ཐུན་མོང་ཐོག་ནས་འཛམ་གླིང་འདིའི་ཐོག་གི་དྲང་བདེན་མ་ཡིན་པའི་གནས་སྟངས་ལ་ཇི་ལྟར་གདོང་ལེན་བྱེད་ཐབས་སྐོར་ལ་བགྲོ་གླེང་གནང་འདུག བརྙན་པར་དབུ་བཙུགས་ཞུས་པའི་སྐར་མ་གཅིག་གི་ནང་གཙོ་སྐྱོང་བས་ཐེངས་འདིའི་མཛད་སྒོ་ངོ་སྤྲོད་ཞུས་ཤིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་སྒུར་སྒུར་ངང་(Lady Gaga)་ཡི་ཇིན་སི་གོས་ཐུང་སྟེང་གི་ཨི་ཁུང་རལ་པ་འདིར་གཟིགས་ཤིང་། ད་དུང་ཕྱག་གིས་ཕྱིར་ཐོན་པའི་པུས་མོར་སྦར་འཕུར་གནང་ཡོད་ལ། ཡང་ཁོ་མོར་གཟིགས་ནས་བཞད་མོ་བཞད་གནང་ཡོད། དེ་རྗེས་ཡང་ཕྱག་གིས་པུས་མོ་གཞན་འདིར་སྦར་འཕུར་གནང་ཞིང་། (Lady Gaga)་ཡིས་གང་ཉིད་ཀྱི་ཕྱག་ནས་འཇུས་ཏེ་ཁོ་མོས་ཀྱང་གད་མོ་དགད་ཡོད།
དེ་ནས་མུ་མཐུད་པའི་ཆུ་ཚོད་གཅིག་གི་རིང་མཛད་སྒོ་འདི་རྒྱུན་ལྡན་བཞིན་སྤེལ་ཡོད།
མཛད་སྒོ་དེ་དང་འབྲེལ་ཡོད་ཀྱི་དེ་མིན་བཟོ་སྒྲིག་བྱས་པའི་གསར་འགྱུར་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་(Lady Gaga)་རྣམ་གཉིས་ཡར་བཞེངས་ནས་ཕྱག་གཏོང་རེས་གནང་པའི་རྗེས་༧གོང་ས་མཆོག་ནས་ཀྱང་དབུ་སྒུར་སྒུར་གནང་པ་དང་། ཆེད་མངགས་རྩེད་མོའི་ཐོག་ནས་(LadyGaga)་ཡི་ཇིན་སི་གོས་ཐུང་སྟེང་གི་ཨི་ཁུང་རལ་པ་དེར་རེག་གནང་པ་ནང་བཞིན། (Lady Gaga)་ཡིས་གད་མོ་དགད་དེ་མགོ་བོ་པར་ཆས་ལ་བལྟས་ནས་ངའི་ད་རིང་གི་ཆོས་གོས་འདིར་ཁོང་གིས་དགའ་པོ་གནང་གིས་ཟེར་བརྗོད་ཡོད།
གོང་ཞུས་ཀྱི་ལྕེ་བསྣར་བ་ཟེར་བའི་དོན་རྐྱེན་དེའི་རྗེས་སུ་སྐབས་དེ་དུས་ཀྱི་རྣམ་པ་འདི་བཅད་གཏུབ་བྱས་ནས་འཕྲུལ་སྒྲ་དྲ་ཚིགས་སྟེང་ཁྱབ་སྤེལ་བྱས་ཡོད། ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་ད་ལྟའི་ཆར་འཚོལ་ཞིབ་ཐུབ་པའི་འཕྲུལ་སྒྲ་དྲ་ཚིགས་སྟེང་སྔ་ཤོས་ཁྱབ་སྤེལ་བྱས་པ་འདི་ཟླ་༤ཚེས་༡༢ཉིན་ཡིན་པ་དང་། དེའི་ཁྲོད་ནས་བགྲོ་གླེང་དང་བརྒྱུད་སྤེལ་མང་པོ་བྱུང་ཡོད་ལ། དཔྱད་གླེང་མང་པོའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གནང་སྟངས་འདིས་མི་བདེ་བ་ཡོང་བ་དང་། བུད་མེད་ལ་ཕོག་ཐུག་བཏང་པར་ངོས་འཛིན་བྱས་ཡོད། ཡང་འགའ་རེས་གང་ཉིད་ཀྱིས་སྐུ་རྩེད་གནང་གི་ཡོད་པར་ངོས་འཛིན་བྱས་ཏེ་རིག་གཞུང་ཧ་ཅང་མང་པོའི་རྒྱབ་ལྗོངས་ནང་ལུས་པོའི་ཐུག་རེག་ནི་རྒྱུན་ལྡན་ཡིན་པར་བརྗོད་ཀྱི་ཡོད། ནང་དོན་འདིའི་འོག་གི་མཆན་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གནང་སྟངས་ལ་མི་དགའ་བའི་དཔྱད་བརྗོད་སྤེལ་མཁན་མངོན་གསལ་དོད་པོས་མང་བ་ཡོད་འདུག
བརྙན་པར་འདི་རང་ལ་དམིགས་པའི་ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་(Lady Gaga)་དོ་བདག་དང་ཡང་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་གནད་དོན་འདིར་གསལ་བསྒྲགས་སྤེལ་བ་དེ་འདྲ་གང་ཡང་རྙེད་མ་བྱུང་།
རྣོ་ངར་གྱི་ཐ་སྙད་ཏཱ་ལ་ཟེར་བ་འདི་གློ་བུར་དུ་བཀག་འགོག་མེད་པ་ཆགས་པ།
ལྕེ་འཇིབ་པ་ཟེར་བ་དང་ལག་ངར་བྱིལ་བྱིལ་བྱས་པ་ཟེར་བ། པུས་མོར་ཐུག་པ་ཟེར་བ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བ་ཆགས་པའི་དུམ་བུ་འདི་གསུམ་པོའི་བརྙན་པར་ཚང་མར་རྩོད་གླེང་ཆེན་པོ་བྱུང་ཡོད། དང་ཐོག་གི་བརྙན་པར་ལ་བརྟག་དཔྱད་བྱས་པ་དང་དོན་རྐྱེན་གྱི་རྗེས་སུ་བཟོས་པའི་ཤུགས་རྐྱེན། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཞུ་མཁན་ཕན་ཚུན་འབྲེལ་གཏུག་དམ་ཟབ་ཟེར་བའི་བྱ་སྤྱོད་ལ་དངོས་གནས་རྩོད་གླེང་མི་ཉུང་བ་ཞིག་བཟོས་ཡོད་པ་དཔེར་ན། རྡ་རམ་ས་ལར་བྱིས་པ་བུ་ཆུང་དང་ཐུག་རེག་དང་། གཞས་མ་(Lady Gaga)་དང་གླེང་མོལ་གནང་པའི་སྐབས་ཀྱི་གནང་སྟངས་འདི་ཆགས་ཡོད། འོན་ཀྱང་འགའ་ཤས་ཀྱིས་འདིར་རང་ལ་མཁོ་བའི་དུམ་བུ་བེད་སྤྱོད་བྱས་ནས་གོ་བ་ལོག་པ་ལེན་པ་དང་ཆེད་མངགས་ལོག་བཤད་བྱས་པ། གནས་ཚུལ་ལ་སྒྲོ་འདོགས་བྱས་པ་ཡང་ཡོད་པ་དཔེར་ན། གང་ཉིད་དང་རྐང་ལག་གཏུབ་པའི་བུ་མོ་ཆུང་ཆུང་(Tilly Lockey)་ཁོང་གཉིས་ཕན་ཚུན་གྱི་འབྲེལ་ཐུག་འདི་ཆགས་ཡོད།
ཡང་རྒྱ་ནག་གི་དྲ་རྒྱ་དང་གླེང་ཕྱོགས་ཀྱི་རྭ་བར་ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་གླེང་ཕྱོགས་ལ་ཁ་ལོ་བསྒྱུར་པའི་རྟགས་མཚན་རྙེད་བྱུང་། ཏཱ་ལ་ཟེར་ནས་རྒྱ་ནག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་འབོད་སྲོལ་ལ་དམའ་འབེབས་བྱས་ཡོད། འདི་ནི་རྒྱ་ནག་གི་དྲ་རྒྱའི་ཐོག་ཡུན་རིང་ནས་རྣོ་ངར་གྱི་ཚིག་དང་ཡང་བཀག་བསྡོམས་བྱས་པའི་ཚིག་ཅིག་རེད། འོན་ཀྱང་དུས་ཚོད་འདིའི་ནང་གློ་བུར་དུ་འཚོལ་ཞིབ་དྲ་ཚིགས་གཙོ་བོ་དང་སྤྱི་ཚོགས་དྲ་འབྲེལ་བརྒྱུད་ལམ་ཐོག་ཏཱ་ལ་ཟེར་བ་བཀག་འགོག་མེད་པ་བཟོས་པ་དང་དུས་མཚུངས་སྤྱི་ཚོགས་དྲ་འབྲེལ་བརྒྱུད་ལམ་ཐོག་ཕོན་ཆེ་ལ། དེ་གཅིག་པུའི་ལྡོག་ཕྱོགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱས་ཡོད།
རྩོམ་འདི་འགྲེམས་སྤེལ་བྱེད་པའི་མཚམས་བར་མཚོན་ན། ཏཱ་ལ་ཟེར་བའི་ཡིག་འབྲུ་གཉིས་པུ་འདི་ཤིན་སླང་འཕྲིན་ཕྲན་ཐོག་འཚོལ་ཞིབ་བྱས་ན། ཁྱོན་བགྲོ་གླེང་མཆན་བཀོད་༢༠༠༠ཐོན་གྱི་ཡོད་པ་དང་། བྱེ་བ་གཉིས་བརྒལ་བས་ལྟ་ཀློག་བྱས་ཡོད་ཅིང་། ནང་དོན་ཡོངས་རྫོགས་ནང་དམིགས་བསལ་གང་ཡང་མེད་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་དགག་པ་རྒྱག་མཁན་ཤ་སྟག་རེད་འདུག
གནས་སྟངས་འདི་རྒྱུན་ལྡན་ཞིག་མ་རེད། གང་ཡིན་ཞེ་ན། ཡུན་རིང་ནས་ཏཱ་ལ་ཟེར་བ་འདི་རྒྱ་ནག་སྐམ་ས་ཆེན་པོའི་དྲ་རྒྱའི་ཐོག་བགྲོ་གླེང་བྱས་པ་ཧ་ཅང་དཀོན་པོ་རེད།
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཚན་དང་སྐུ་པར་ནི་རྒྱ་ནག་གི་ཡོངས་ཁྱབ་ཁོར་ཡུག་ནང་ཡུན་རིང་ནས་བཀག་བསྡོམས་བྱས་ཡོད་པ་དང་། ཇར་མན་ནིའི་རླུང་འཕྲིན་ཁང་གིས་དེ་སྔ་གནས་ཚུལ་སྤེལ་བར། ཟི་ཁྲོན་ཁོངས་ཀྱི་བོད་ཁུལ་དུ་དེ་སྔ་དགེ་འདུན་པས་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པའི་དབང་གིས་གཞུང་ཕྱོགས་ནས་འཛིན་བཟུང་བྱས་པ་བཀོད་ཡོད།
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དེ་སྔ་གནས་ཚུལ་སྤེལ་བའི་ནང་། ཧོའོ་ལེནཌ་ཡི་གཞུང་འབྲེལ་མིན་པའི་ཚོགས་པ་(GDI)་ཐེབས་རྩ་ཁང་གི་བདེ་འཇགས་ཉམས་ཞིབ་པ་(Victor Gevers)་ནས་ཞིབ་འཇུག་བྱས་ཏེ་སྐད་འཕྲིན་ཐོག་ཞིབ་བཤེར་བྱེད་པའི་རྒྱ་ཡིག་ནང་གི་རྣོ་ངར་ཚིག་མི་འདྲ་བ་༨༠༠ལྷག་ཙམ་གྱི་རེའུ་མིག་ཅིག་བཏོན་ཡོད་པ་དེའི་ནང་ཏཱ་ལའི་བླ་མ་ཟེར་བ་དང་བཙན་བྱོལ་བོད་མི་ཟེར་བ་སོགས་ཚང་མ་ཞིབ་གཤེར་གྱི་མིང་གཞུང་དེའི་ནང་བཅུག་ཤེས་རྟོགས་བྱུང་ཡོད།
ཁེ་ཎ་ཌའི་ཁྲོ་རོན་ཁྲོའོ་གཙུག་ལག་སློབ་གྲྭའི་སྤྱི་འབངས་ཀྱི་ཚོད་ལྟ་ཁང་(Citizen Lab)་གིས་༢༠༢༢ལོར་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་(Olympics)་ཡི་ཁ་པར་མཉེན་ཆས་(App冬奥通)་ཟེར་བ་དེར་དམིགས་ཏེ་ཞིབ་འཇུག་བྱས་པའི་ནང་ལ་ཡང་ཏཱ་ལའི་བླ་མ་ཟེར་བ་དང་༧གོང་ས་མཆོག་ཟེར་བ་ཚང་མ་རྣོ་ངར་གྱི་ཚིག་ནང་འཇུག་བྱས་ཡོད་འདུག
རྣོ་ངར་གྱི་ཚིག་ནང་བཅུག་པའི་རྗེས་བཀག་བསྡོམས་ཀྱི་གྱང་ནང་ཚུད་པའི་ཚིག་དེ་དག་དང་འབྲེལ་བ་ཡོད་པ་ཁག་ལ་མང་ཚོགས་ཀྱིས་རང་དབང་གི་ཐོག་ནས་གནས་ཚུལ་ཁྱབ་སྤེལ་ཐུབ་ཀྱི་མེད་པ་དང་། ཐ་ན་(Weibo)་འཕྲིན་ཕྲན་དང་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་གྱི་འཚོལ་ཞིབ་ཁྱབ་ཁོངས་ནང་འབྲེལ་ཡོད་ཀྱི་གནས་ཚུལ་འཚོལ་ཐུབ་ཀྱི་མེད་པ་རེད། དཔེ་མཚོན་ཡག་ཤོས་ནི། ཚིག་དེ་དག་འཚོལ་ཞིབ་སྐབས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་འཚོལ་ཞིབ་ཀྱི་གྲུབ་འབྲས་དང་ཡང་ན་འཚོལ་ཞིབ་ཀྱི་འབྲས་བུ་ཁག་ཅིག་མངོན་ཆོག་གི་མི་འདུག་ཟེར་ཐོན་གྱི་ཡོད།
ཡང་ད་རེས་ནི་ཏཱ་ལ་ཟེར་བའི་ཚིག་འདི་གླེང་ཕྱོགས་ཚང་མ་ནས་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད་པས། གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་བརྒྱུད་ཆེད་མངགས་རྣོ་ངར་གྱི་ཚིག་གི་བཀག་བསྡོམས་འདི་མེད་པ་བཟོས་པ་ཡིན་སྲིད་ཀྱི་རེད།
ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་ལྕེ་བསྣར་བ་ཟེར་བའི་དོན་རྐྱེན་འདིའི་སྔོན་གྱི་འཕྲིན་ཕྲན་དང་པའེ་ཏུའུ་(百度 )་དྲ་ཚིགས་ནས་ཏཱ་ལ་ཟེར་བ་སོགས་གནད་འགག་གི་ཚིག་འཚོལ་ཞིབ་ཀྱི་འབྲས་བུ་གང་འདྲ་ཡོད་མེད་བརྟག་དཔྱད་བྱེད་ཐབས་མི་འདུག འོན་ཀྱང་བོད་ཀྱི་བརྗོད་གཞིའི་ཐོག་དོ་སྣང་བྱེད་མཁན་མི་སྣ་མང་པོ་ཞིག་གིས་བརྗོད་པར། དེའི་སྔོན་ལ་རྒྱ་ནག་ནང་ཁུལ་དུ་ཏཱ་ལ་ཟེར་བ་སོགས་གནད་འགག་ཅན་གྱི་ཚིག་ལ་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ་ཉམས་མྱོང་ཡོད་པ་དང་། ད་རེས་ཀྱི་དོན་རྐྱེན་འདི་ཐོན་པའི་རྗེས་སུ་མི་མང་པོས་ལྟ་ཞིབ་དང་དོ་སྣང་བྱུང་བ་ནི། རྒྱ་ནག་ནང་གི་དྲྭ་རྒྱས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བགྲོ་གླེང་བྱེད་སྟངས་ཐོག་དངོས་གནས་གློ་བུར་དུ་ཁྲོན་པ་རྡོལ་བ་ལྟར་བྱུང་ཡོད།
དེས་མ་ཚད་རྒྱ་ནག་གི་འཚོལ་ཞིབ་མ་ལག་གཙོ་བོ་དང་སྤྱི་ཚོགས་དྲྭ་ལམ་ཐོག་འབྲེལ་ཡོད་ཀྱི་གནད་འགག་ཅན་གྱི་ཚིག་གི་ནང་དོན་ཁག་འཚོལ་ཞིབ་ཐུབ་པ་དང་། དེ་ཡང་ཕྱོགས་གཅིག་རང་ལ་ལྷུང་པའི་ཐོག་ནས་ལྕེ་བསྣར་བ་ཟེར་བའི་དོན་རྐྱེན་གྱི་བརྙན་པར་དུམ་བུའི་གནས་ཚུལ་ཟུར་ཙམ་སྤེལ་བ་དང་། དེ་བཞིན་འདི་དང་འདྲ་བའི་གོང་ཞུས་ཀྱི་བརྙན་པར་རྙིང་པ་གཉིས་ལ་སོགས་པའི་ལྡོག་ཕྱོགས་ཀྱི་གནས་ཚུལ་འཚོལ་ཐུབ་ཀྱི་ཡོད། དེ་མིན་འབྲེལ་ཡོད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་ཉེ་དུས་ཀྱི་གནས་ཚུལ། ལྕེ་བསྣར་བ་ཟེར་བའི་དོན་རྐྱེན་གྱི་ཆ་ཚང་བའི་བརྙན་པར་དང་དོ་བདག་མི་སྣར་བཅའ་འདྲི་བྱས་པ་ཚང་མ་འཚོལ་ཞིབ་ཐུབ་ཀྱི་མེད་པ་རེད།
ནང་དང་ཕྱི་ཡི་དྲིལ་བསྒྲགས་ལ་དབྱེ་བ་ཕྱེ་ནས་ཐུན་མོང་ཐོག་རྒོལ་རྡུང་བཏང་པ་རེད་དམ།
ལྟ་ཞིབ་པ་འགའ་རེས་དོགས་པ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ཕུད་པའི་ས་ཁུལ་དུ་དོན་རྐྱེན་འདི་ཁྱབ་སྤེལ་བྱས་པའི་བརྒྱུད་རིམ་ནང་། གཅིག་བྱས་ན་རྒྱ་ནག་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཁྱབ་སྤེལ་ཐད་ཤུགས་གནོན་དང་ཁ་ལོ་བསྒྱུར་ཡོད་སྲིད་པར་ངོས་འཛིན་བྱེད་ཀྱི་འདུག
ལྕེ་བསྣར་བ་ཟེར་བའི་མཐོ་རླབས་འདིའི་ནང་ཧོང་ཀོང་གི་རྩོམ་པ་པོ་(Pazu 薯伯伯)་ཟེར་བ་ཞིག་གིས་(YouTube)་དྲྭ་ཚིགས་སྟེང་ཐོག་མར་བཅད་གཏུབ་བྱས་པའི་བརྙན་པར་སྤེལ་མཁན་ཁག་ཅིག་གི་ཐོ་འགོད་ཁ་བྱང་ལ་དབྱེ་ཞིབ་བྱས་སྐོར་བཏོན་ཡོད་པ་དང་། ཉུང་མཐར་བརྙན་པར་ཁྱབ་སྤེལ་བྱེད་མཁན་གྱི་ཐོ་འགོད་ཁ་བྱང་གསུམ་ཡོད་པ་འདི་༢༠༢༣ལོའི་ཟླ་༣ཚེས་༣༡ནས་ཟླ་༤ཚེས་༦བར་གསར་དུ་ཐོ་འགོད་བྱས་པ་ཞིག་ཡིན་པ་མ་ཟད། ད་དུང་ཐོ་བཀོད་བྱས་པ་དང་ལམ་སེང་ལྕེ་བསྣར་བ་ཟེར་བའི་བརྙན་པར་དུམ་བུ་འདི་ཁྱབ་སྤེལ་བྱས་པ་ལས་དེ་མིན་གནས་ཚུལ་གང་ཡང་ཁྱབ་སྤེལ་བྱས་མྱོང་མེད་པ་རེད་འདུག ཐོ་འགོད་ཁ་བྱང་གཞན་ཞིག་ནི་༢༠༢༠ལོའི་ཟླ་༡ཚེས་༡ཉིན་གསར་དུ་ཐོ་འགོད་བྱས་པ་ཞིག་ཡིན་འདུག་ཅིང་། དེ་མིན་བརྙན་པར་རིགས་ཁྱབ་སྤེལ་བྱེད་མྱོང་མེད་པ་རེད་འདུག དེའི་ཐོག་ནས་དོགས་པ་བྱས་པ་ནི་རྒྱུ་མཚན་ལྡན་ཡོད་པ་དང་། ཐོ་བཀོད་ཁ་བྱང་འདི་ཚོ་ནི་ཆེད་མངགས་ཐོ་འགོད་བྱས་ཏེ་གནས་ཚུལ་འདི་ཁྱབ་སྤེལ་བྱེད་མཁན་གྱི་ཁ་བྱང་རེད་འདུག
ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ནས་ཀྱང་ཤེས་རྟོགས་བྱུང་བར། གོང་ཞུས་འཁྱོག་བཤད་བྱས་པའི་ཏཱ་ལ་ཡིས་བུ་མོ་ཆུང་ཆུང་གི་ལག་ངར་ལ་བྱིལ་བྱིལ་བྱས་པ་ཟེར་བའི་བརྙན་པར་འདི་ཡང་འཕྲུལ་སྒྲ་དྲ་ཚིགས་ཐོག་(Daniel Dumbrill)་ཟེར་བ་ཞིག་གིས་ཁྱབ་སྤེལ་བྱས་པ་བརྒྱུད། ད་ལྟའི་ཆར་རྒྱ་ནག་ལ་གཏན་སྡོད་བྱེད་མཁན་གྱི་དྲ་རྒྱའི་དོ་རྭ་གཉེར་མཁན་ཟེར་བ་ཞིག་ཡིན་ཞིང་། དེ་སྔ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་ཁོ་པར་ནུབ་ཕྱོགས་ཀྱི་རྫུན་གཏམ་ཐེར་བཏོན་པ་ཞེས་འབོད་སྲོལ་ཆགས་ཡོད།
བསྡོམས་ཚིག
༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་ནང་བྱིས་པ་བུ་ཆུང་དང་ཕན་ཚུན་འབྲེལ་ཐུག་བྱུང་པ་དེ་འཛམ་གླིང་ཁྱོན་ཡོངས་སུ་གླེང་ཕྱོགས་ཀྱི་འུར་སྒྲ་ཆེན་པོ་ཞིག་ཐོན་ཡོད། སྤྱི་ཚོགས་དང་རིག་གཞུང་མི་འདྲ་བའི་རྒྱབ་ལྗོངས་འོག་ཕྱོགས་ཁག་ནས་དོན་རྐྱེན་འདིར་སྐྱོན་བརྗོད་དང་མི་དགའ་བ། ཡང་ན་སྲུང་སྐྱོབ་དང་བསྔགས་བརྗོད་སོགས་བསམ་ཚུལ་སྣ་ཚོགས་བཏོན་ཡོད།
དོན་རྐྱེན་འདི་ཐོན་པའི་རྗེས་སུ་འབྲེལ་ཡོད་༼ཏཱ་ལའི་སྤྱོད་ཚུལ་མི་འོས་པ༽་ཟེར་བའི་བརྙན་པར་མང་པོ་ཐོན་ཡོད། དཔེར་ན་གོ་བ་ལོག་པ་ལེན་པ་དང་། དབྱིན་ཇིའི་བུ་མོ་ཆུང་ཆུང་གི་ལག་པའི་དོན་རྐྱེན་ཟེར་བར་འཁྱོག་བཤད་བྱས་པ། རྩོད་གླེང་དང་སྐྱོན་བརྗོད་བྱུང་པའི་(Lady Gaga)་ཡི་པུས་མོ་ཟེར་བའི་དོན་རྐྱེན་ཞིག་ཆེད་མངགས་བཟོས་ཡོད།
འོན་ཀྱང་ལྕེ་བསྣར་བ་ཟེར་བའི་མཐོ་རླབས་ཀྱི་རྗེས་སུ་རྒྱ་ནག་གི་གླེང་ཕྱོགས་རྭ་བའི་ནང་ཏཱ་ལ་ཟེར་བ་སོགས་རྣོ་ངར་གྱི་ཚིག་ལ་བགྲོ་གླེང་གློ་བུར་དུ་བཀག་བསྡོམས་མེད་བཟོས་པ་མ་ཟད། ད་དུང་ཕྱོགས་གཅིག་རང་ལ་ལྷུང་པའི་ལྡོག་ཕྱོགས་ཀྱི་གནས་ཚུལ་དང་གཏམ་བརྗོད་ནི་གློ་བུར་དུ་ཁྲོན་པ་རྡོལ་བ་ལྟར་གྱི་རྣམ་པ་ཐོན་ཡོད། འོན་ཀྱང་དེ་དག་ནི་རྒྱ་ནག་གི་ཕྱི་ལ་ཐོན་པའི་བསམ་ཚུལ་མི་འདྲ་བ་བཏོན་མཁན་དང་འདྲ་ཡི་མེད།
ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་(Asia Fact Check Lab)་ནི་ཆེད་མངགས་དེང་སང་གི་རྙིང་འཛིང་བརྒྱུད་ལམ་གྱི་ཁོར་ཡུག་དང་། དེ་བཞིན་གསར་དུ་དར་བའི་བརྒྱུད་ལམ་ཁམས་འདིའི་ཁྲོད་དམིགས་ནས་ཐོན་པའི་ཚན་པ་གསར་པ་ཞིག་ཆགས་ཀྱི་ཡོད། ང་ཚོས་གསར་འགྱུར་གྱི་ཆེད་ལས་ཐོག་ནས་ཡང་དག་པའི་བརྟག་དཔྱད་བྱས་པའི་གནས་ཚུལ་བཀོད་པ་དང་། དེ་བཞིན་གཏིང་ཟབ་པའི་གནས་ཚུལ་བཀོད་པ་མཁོ་འདོན་བྱེད་ཀྱི་ཡོད་ལ། ཀློག་པ་པོས་ཐུན་མོང་གི་བརྗོད་གཞིར་ཕྱོགས་སྣ་ཚོགས་དང་ཁྱོན་ཡོངས་ནས་རྒྱུས་མངའ་ཤེས་རྟོགས་ཡོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཀློག་པ་པོས་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་འབྲེལ་ལམ་གྱི་ཁྱབ་སྤེལ་བྱས་པའི་གནས་ཚུལ་གང་རུང་ཞིག་ལ་དོགས་གཞི་བྱུང་ཚེ། གློག་འཕྲིན་ཁ་བྱང་(afcl@rfa.org)་འདིའི་ཐོག་ནས་ཨེ་ཤེ་ཡའི་བདེན་པའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་བསྡུར་གྱི་ཚོད་ལྟ་ཁང་ལ་འབྲེལ་བ་གནང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ང་ཚོས་ཁྱེད་ལ་བདེན་དཔང་ར་སྤྲོད་ཞུ་ཆོག
- ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་བོད་བསྒྱུར་བྱས།