༧གོང་ས་མཆོག་ལ་ལྔ་དགུ་ལོར་ཕུལ་བའི་རཱ་མོན་མེག་སེ་སེ་གཟེངས་རྟགས་དངོས་སུ་ཕྱག་འབུལ་ཞུས་འདུག

དེ་ཡང་ཨེ་ཤེ་ཡའི་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་ཚད་མཉམ་དུ་བརྩི་སྲོལ་ཡོད་པ་དང་། ཧྥི་ལི་ཕིན་གྱི་སྲིད་འཛིན་རཱ་མོན་མེག་སེ་སེ་ཡི་མཚན་ཐོག་ནས་ཕུལ་བའི་(Ramon Magsaysay Award)་གཟེངས་རྟགས་དེ་བཞིན། སྤྱི་ལོ་༡༩༥༩ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་མི་རིགས་སྣེ་ཁྲིད་དེ། རང་གི་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱིས་བོད་མི་ཚོར་མི་ཚེའི་ལམ་སྟོན་དང་བློ་སྟོབས་ཆེན་པོ་སྩལ་པར་ངོས་འཛིན་གྱིས། ༧གོང་ས་མཆོག་ལ་ཕུལ་ཡོད་ནའང་སྐབས་དེར་༧གོང་ས་མཆོག་དངོས་སུ་ཆིབས་བསྒྱུར་གནང་ཐུབ་མེད་པར་བརྟེན། ད་ལན་གཟེངས་རྟགས་དེ་གནང་འགོ་བཙུགས་ནས་མི་ལོ་༦༥འཁོར་བའི་དུས་དྲན་དང་འབྲེལ་ཏེ། གཟེངས་རྟགས་ཐེབས་རྩ་ཁང་གི་འགན་འཛིན་(Susan Afan)་ལགས་ཆེད་དུ་རྡ་རམ་སཱ་ལར་བཅར་ནས་གཟེངས་རྟགས་དེ་ཕྱག་འབུལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། དུས་རབས་སྔ་མའི་ནང་མི་ཚོས་དམག་དཔུང་དང་མཚོན་ཆ་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད་ནའང་ད་ཆ་དེ་ལ་འགྱུར་བ་ཆེན་པོ་ཕྱིན་ཚར་པ་དང་། ང་ཚོ་དང་ཁོང་ཚོ་ཟེར་བའི་ལྟ་སྟངས་དེ་ཡང་ཇེ་ཉུང་དུ་སོང་ཡོད་པས། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་ཕན་ཚུན་གསོད་རེས་བཏང་ན་སྙིང་པོ་མེད་པས་བདེ་སྐྱིད་ལྡན་པའི་ངང་འཆམ་མཐུན་གྱིས་མཉམ་དུ་གནས་དགོས་པ་དེ་ངོས་ཀྱི་གཞི་རྩའི་ངོས་འཛིན་ཡིན་ཞེས་བཀའ་སྩལ་གནང་འདུག
རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩ་ཁང་གི་འགན་འཛིན་(Susan Afan)་ལགས་ཀྱིས། ང་ཚོས་རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩ་ཁང་གི་སྐུ་ཚབ་བྱས་ཏེ་ཡོང་བ་ཡིན། ད་ལོ་སྤྱི་ལོ་༢༠༢༣ལོ་ནི་གཟེངས་རྟགས་འདི་དབུ་འཛུགས་གནང་ནས་ལོ་ངོ་ཧྲིལ་བོ་༦༥འཁོར་བའི་དུས་དྲན་ལ་འཁེལ་གྱི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྤྱི་ལོ་༡༩༥༩ལོར་གཟེངས་རྟགས་འདི་བཞེས་སྐབས། ལོ་རྒྱུས་ནང་གཟེངས་རྟགས་འདི་བཞེས་མཁན་དགུང་ལོ་ཆུང་ཤོས་དེ་ཆགས་ཀྱི་ཡོད་ཅིང་། ང་ཚོས་བྱ་དགའ་འདི་བཞེས་མཁན་ཚང་མ་ལ་བསྐྱར་དུ་འབྲེལ་བ་མཐུད་ཀྱི་ཡོད་པ་དང་། དེ་ནི་ང་ཚོས་གཟེངས་རྟགས་འདི་བཞེས་མཁན་གྱི་མི་སྣ་ཁག་གི་མི་ཚེ་དང་གསུང་རྩོམ། སྙིང་སྟོབས་དང་སྤྱི་ཚོགས་ལ་ཞབས་ཞུ། གལ་ཆེ་ཤོས་ཁོང་ཚོའི་བརྩེ་སེམས་སོགས་འཁོད་པའི་དེབ་ཕྲེང་༧ཡོད་པ་ཧ་ཅང་དམིགས་བསལ་བ་ཞིག་འདོན་གྱི་ཡོད་པར་བརྟེན། བྱ་དགའ་བཞེས་མཁན་༣༤༤ཡོད་ཁོངས་ནས་གསུམ་ཆ་གཅིག་ཙམ་སྐུ་འཚོ་བཞུགས་གནང་ཡོད་པ་དང་། ང་ཚོས་གཞོན་སྐྱེས་ཚོས་བྱ་དགའ་བཞེས་མཁན་ཚོ་སུ་ཡིན་པ་དང་ཁོང་ཚོས་ཕྱག་རྗེས་ཅི་བཞག་ནམ་ཡང་མི་བརྗེད་པར་བྱ་འདོད་ཡོད་པར་བརྟེན། ང་ཚོ་ལ་མཇལ་ཁའི་དམིགས་བསལ་གོ་སྐབས་འདི་ཟླ་ཤས་སྔོན་ནས་གོ་སྒྲིག་གནང་ཡོད་པ་དང་། གོ་སྐབས་འདི་བྱུང་བར་ང་ཚོ་ཧ་ཅང་དགའ་བོ་བྱུང་ཞེས་དང་། ཡང་ཁོང་གིས་༧གོང་ས་མཆོག་གིས་རྒྱུན་ཆད་མེད་པར་ཞི་བདེ་དང་བྱམས་བརྩེའི་བསླབ་བྱ་གནང་གི་ཡོད་པ་དེ་ནི། དེང་སང་གི་འཛམ་གླིང་ལ་དཀོན་པོ་དང་དགོས་གལ་ཆགས་ཡོད་པས། ཁོང་ལ་དངོས་མཇལ་བྱུང་བ་དེས་ང་ཚོ་སྒེར་ལ་ཞི་བདེའི་ཚོར་བ་གཏིང་ཟབ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
གཟེངས་རྟགས་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གཟེངས་རྟགས་ཐོབ་པ་ཐོག་མ་ཡིན་པ་དང་། ཛ་དྲག་ཆེན་པོའི་སྐབས་སུ་སྤྱི་ཚོགས་དང་ཆོས་ལུགས། རིག་གཞུང་སྲུང་སྐྱོབ་བཅས་ལ་མཆོག་གྱུར་གྱི་དབུ་ཁྲིད་གནང་བར་ཕུལ་བ། ཕྱི་ལོ་༡༩༥༩ལོའི་ཟླ་ ༨པའི་ཚེས་༣༡ཉིན་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གིས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ། ཧྥི་ལི་པིན་སིའི་རྒྱལ་ས་མཱ་ནེ་ལཱ་རུ་བཞེས་གནང་ཡོད་པ་རེད། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་འཛམ་གླིང་དུ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཊེམ་པོལ་ཊོན་གཟེངས་རྟགས། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་སོགས་འཛམ་གླིང་ན་ཤིན་ཏུ་སྙན་གྲགས་ཆེ་བའི་གཟེངས་རྟགས་དང་བྱ་དགའ་ཆེ་བསྟོད་༨༤ལྷག་བཞེས་མྱོང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།