ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་འདུག

2023.04.18
ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་འདུག ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་སྐབས། ༠༤།༡༨།༢༠༢༣
OHHDL

དེ་ཡང་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Janet Rice)་ལགས་དང་། (Susane Templeman)་ལགས་ཀྱིས་སྣེ་ཁྲིད་གནང་སྟེ། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་བཞི་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། སྤྱི་ཟླ་༤པའི་ཚེས་༡༨ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་མཇལ་ཁ་བཀའ་སློབ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ཁོང་ཚོར་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་། ཁོར་ཡུག་བཅས་བ་ཉམས་ཆག་འགྲོ་བཞིན་པར་ཐུགས་ཁྲལ་གནང་གི་ཡོད་པས། དེ་ཚོ་སྲུང་སྐྱོབ་ཆེད་གྲོས་ཚོགས་འཐུས་མི་རྣམ་པས་རྒྱབ་སྐྱོར་ཐུགས་ཁུར་བཞེས་རོགས་ཀྱི་འབོད་སྐུལ་གནང་བ། ཨོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་(Dr Zoe Bet ford)་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཁོང་གིས། ༧གོང་ས་མཆོག་གིས་མཇལ་ཁའི་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པའི་ཐད་ཐུགས་འཚབ་ཡོད་པ་དང་། དེ་བཞིན་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་སྩལ་སོང་བར་བརྟེན། ང་ཚོས་ཐབས་ཤེས་ཡོད་རྒུ་བྱས་ཏེ་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭ་ཁག་གི་ནང་དུ། བོད་མིའི་རིག་གཞུང་གོམས་གཤིས་དང་སྐད་ཡིག་ཉམས་ཆག་ཏུ་མི་འགྲོ་བའི་ཐབས་ལ་འབད་བརྩོན་བྱ་དགོས་འདུག་ཅེས་འགྲེལ་བརྗོད་གནང་སོང་།

340855094_1294517868080738_4778147276581776690_n.jpg
ཡང་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Senator Janet Rice)་ལགས་ནས་ཀྱང་། ཁོང་ཚོས་མཇལ་ཁ་ཞུ་བའི་སྐབས་སུ་༧གོང་ས་མཆོག་ལྷན་རྒྱ་ནག་གི་ཆབ་སྲིད་སྐོར་ལའང་བཀའ་མོལ་བྱུང་། ད་རེས་༧གོང་ས་མཆོག་དངོས་སུ་མཇལ་རྒྱུ་བྱུང་བ་དེ་ཧ་ཅང་གིས་དགའ་ཚོར་ཆེན་པོ་བྱུང་། ང་ཚོ་ཚང་མའི་མིག་ནང་མཆི་ཞགས་འཁོར་སོང་ལ། ང་ཚོས་བོད་དོན་རྒྱབ་སྐྱོར་ལ་བརྟེན་ནས་༧གོང་ས་མཆོག་དང་བོད་མི་ཡོངས་ལ་རེ་བ་ཞིག་བསྐྲུན་གྱི་ཡོད་པ་བཀའ་སྩལ་སོང་ན་ཡང་། དོན་དངོས་ཐོག་༧གོང་ས་མཆོག་གིས་ང་ཚོར་རེ་བ་ཞིག་བསྐྲུན་གྱི་འདུག ང་ཚོས་དེ་རིང་༧གོང་ས་མཆོག་དང་ལྷན་དུ་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་ཐོག་གོ་བསྡུར་ཞུས་པ་ཡིན། ༧གོང་ས་མཆོག་གི་བཀའ་སློབ་སྙིང་པོ་ནི་བོད་མི་ཚོའི་སྙིང་སྟོབས་དང་དཀའ་ངལ་གདོང་ལེན་གནང་ཐབས་ནི་རྒྱ་ནག་དམར་ཤོག་ཚོགས་པ་ལས་སྟོབས་ཤུགས་ཆེ་བ་ཡོད་ཅེས་བཀའ་སྩལ་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
ཁོང་ཚོ་མཉམ་དུ་ཡོད་པ་ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ནས། ཁོང་ཚོས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཐེངས་དང་པོ་ཡིན་པས། ༧གོང་ས་མཆོག་གིས་ཁོ་ཚོར་ཨོསི་ཊརེ་ལི་ཡའི་ནང་གི་བོད་མི་གཞོན་སྐྱེས་ཚོར། བོད་ཀྱི་ཆོས་རིག་སྐད་ཡིག་ངོ་སྤྲོད་ལ་རྒྱབ་རོགས་གནང་སྐྱོང་ཡོང་བའི་ཞེན་སྐུལ་གནང་བ་འགྲེལ་བརྗོད་གནང་བྱུང་།
ད་རེས་མཇལ་ཁའི་སྐབས་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གཞོན་པ་(Sharan Claydon)་ལགས་ཀྱང་ཡོད་པ་དང་། མོ་རང་བཞུགས་སའི་ནིའུ་ཁ་སལ་ཁུལ་དུ་བོད་མི་ཇེ་མང་དུ་འགྲོ་བཞིན་པར་བརྟེན། བོད་ཀྱི་རིག་གཞུང་གོམས་གཤིས་སོགས་ཕྲུ་གུ་ལོ་ཆུང་ཞིག་ཇི་བཞིན་དུ། གོམ་པ་རེ་རེ་བཞིན་ཁོ་ཚོ་ལས་སློབ་བཞིན་པ་༧གོང་ས་མཆོག་ལ་ཕོ་བྲང་དུ་འགྲེལ་བཤད་གནང་ཡོད་པ་རེད།
བཞུགས་སྒར་ལ་གཟིགས་སྐོར་དུ་ཕེབས་པའི་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེར། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཞོན་(Sharan Claydon)་ལགས་དང་། གྲོས་ཚོགས་འཐུས་མི་(Susane Templeman)་ལགས། གྲོས་ཚོགས་འཐུས་མི་(Janet Rice)་ལགས། (Sophia Scamps)་ལགས་བཅས་ཡོད་པ་དང་། ཁོང་རྣམ་པས་ད་དུང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་བཅས་མཇལ་མོལ་གནང་ཡོད་པ་རེད།

DSC0780-1024x687.jpg

སྲིད་སྐྱོང་མཆོག་དང་མཇལ་མོལ་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་ལྟའི་བོད་དོན་སྐོར་གྱི་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ། བཙན་བྱོལ་བོད་མིའི་བདེ་དོན་ལ་ལྟ་རྟོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་བཟོ་རྒྱུ་ཡིན་པ་སོགས་གནད་དོན་ཁག་གཅིག་གི་སྐོར་བཀའ་བསྡུར་གནང་ཡོད་འདུག

341711504_161372789891105_2708669252267921742_n.jpg
ཕྱི་ཚེས་༡༩ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་བདེན་པའི་འཐབ་རྩོད་དང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་ཀྱི་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་གཏན་འཁེལ་ཡོད་འདུག།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎