འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་འདུག

དེ་བཞིན་འདི་ཚེས་༡༦ཉིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri. Prem Singh Tamang)་ལགས་ཀྱིས། ཁོང་གི་ངོ་དེབ་ཐོག་དྲྭ་ལམ་ཁག་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་ཤས་བཟོས་བའི་གནད་དོན་དང་འབྲེལ་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་མཚོན་ཆེད་དུ་བསྒྲགས་གཏམ་སྤེལ་བའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། ཆོས་ལུགས་དང་རིགས་རུས་དབྱེ་བ་མེད་པར་འགྲོ་བ་མིའི་རིགས་ཀྱི་སྲིད་པའི་དཔལ་ཡོན་(CIVILIZATION)་གྱི་རྣམ་སྤྲུལ་གཙོ་བོ་དེ་ཡིན་ལ་ཁོང་གིས་མི་སུ་ཞིག་ལ་ཕྱོགས་ལྷུང་མ་གནང་བར་མཛད་འཕྲིན་བསྐྱངས་བཞིན་ཡོད།
ཚང་མས་མཁྱེན་གསལ་བཞིན། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་ནས་དུས་སུ་འཛམ་གླིང་ས་ཕྱོགས་གང་སར་བྱམས་སྙིང་རྗེ་ཐོག་བཀའ་སློབ་ལམ་སྟོན་གནང་སྐབས་ཡང་ཡང་སྐུ་རྩེད་གནང་གི་ཡོད་པ་རེད།
མགོན་པོ་མཆོག་རྒྱ་གར་རྒྱལ་ཁབ་ནང་བཞུགས་ཡོད་པར་རྒྱ་གར་གྱི་དུས་ཡུན་རིང་ཤོས་ཀྱི་སྐུ་མགྲོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ཡང་ང་ཚོ་ཚང་མའི་བསོད་ནམས་ལ་ངས་ངོས་འཛིན་བྱེད་ཀྱི་ཡོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་རྒྱལ་ཁབ་ཀྱི་ལ་རྒྱ་དང་། ཁོང་གིས་ལོ་ངོ་༢༥༠༠ཐམ་པའི་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤེལ་བའི་ནང་པ་སངས་རྒྱས་པའི་ཆོས་དང་། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་ཉམས་པ་སླར་གསོ་དང་མི་ཉམ་གོང་འཕེལ་གཏོང་ཕྱིར་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་བཞིན་ཡོད་པ་རེད།
དེ་བས་མགོན་པོ་མཆོག་གི་ཐུགས་གཤིས་ལ་ཅི་ནས་ཀྱང་མི་སུ་ཞིག་ལ་དྭོགས་པ་མི་དགོས་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཡིན་དུས། ཉེ་ལམ་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཐོག་མགོན་པོ་མཆོག་ལ་མཚན་ཤས་བཟོས་བ་དེ་བསམ་ཡུལ་ལས་འདས་པ་ཞིག་མཐོང་གི་འདུག དེ་འདྲ་ཡིན་དུས་ངས་འཛམ་གླིང་གི་སྤུན་ཟླ་ཚང་མར་དེ་འདྲ་མ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་བཅས་འཁོད་འདུག
དེ་བཞིན་འདི་ཚེས་༡༦ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་གི་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་ཐུན་མོང་གི་གོ་སྒྲིག་འོག སྒང་ཏོག་ནང་གི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར་རུ་བོད་མི་དང་ས་གནས་ཀྱི་ནང་པའི་ཡུལ་མི་མང་པོ་ཞིག་འདུ་འཛོམས་ཀྱིས། ཉེ་ཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་ཤས་བཟོ་ཐབས་བྱས་བའི་གནད་དོན་དང་འབྲེལ་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་དང་། རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་འཁྱོག་བརྗོད་ཀྱི་གནས་ཚུལ་སྤེལ་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
སྐབས་དེར་འབྲས་གཞུང་ནགས་ཚལ་བློན་ཆེན་སྐུ་ཞབས་ཀརྨ་བློ་གྲོས་བྷོ་ཊི་ཡ་ལགས་ཀྱིས། ད་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་ཤས་བཟོ་ཐབས་བྱས་བར། ང་རང་སྒེར་ལ་སེམས་ཚབས་གང་ཡང་བྱུང་མ་སོང་། གང་ཡིན་ཞུས་ན། ཁོང་ནི་རླབས་ཆེན་གྱི་གང་ཟག་ཞིག་དང་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཞིག་ཀྱང་ཡིན་པ་རེད། ཁོང་ཀྱི་རླབས་ཆེན་གི་མཛད་འཕྲིན་ཁག་འཛམ་གླིང་ཁྱོན་ཡོངས་ནང་ཤེས་རྟོགས་ཐུབ་པ་ཞིག་རེད། ངོས་རང་ཁོང་གི་རྗེས་འཇུག་པ་ཞིག་ཡིན། མི་རིང་བར་ཁོང་མཇལ་བར་བཅར་རྒྱུ་ཡིན། ཚང་མ་སེམས་ཚབས་མ་གནང་རོགས། ༧གོང་ས་མཆོག་ལ་བསྙོན་འཛུགས་བྱས་པ་དེ་གཞི་མེད་རེད་ཅསེ་སོགས་གསུང་ཡོད་པ་རེད།
དེ་བཞིན་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨིན་དྷ་ར་ཧང་སུ་བྷ་(Indra Hung Subba)་ལགས་ཀྱིས། འདི་ཚེས་༡༦ཉིན་དེ་འབྲེལ་བསྒྲགས་གཏམ་སྤེལ་ནས། ༧གོང་ས་མཆོག་གིས་ད་ལྟའི་འགལ་ཟླ་སྣ་ཚོགས་ལྡན་པའི་དུས་སྐབས་འདིར་ཞི་བདེ་ཡོང་ཆེད་བྱམས་སྙིང་རྗེ་དང་བློ་གྲོས་གོང་སྤེལ་ཐོག་རིན་ཐང་བྲལ་བའི་ལེགས་སྐྱེས་འབུལ་ཡོད་པ་རེད།
ཁོང་ནི་རྒྱལ་ཁབ་དང་སྤྱི་ཚོགས་གཅིག་གི་ཁོངས་སུ་མི་གཏོགས་པར། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་ཐབས་སུ་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་མཛད་བཞིན་ཡོད་པ་མ་ཟད། ད་ལྟའི་འགྲོ་བ་མིའི་རིགས་ལ་དཀའ་སྡུག་འཕྲད་བཞིན་པའི་དུས་སྐབས་འདིར། ཁོང་གིས་ད་དུང་མུ་མཐུད་དུ་ལེགས་སྐྱེས་གང་མང་འབུལ་རྒྱུའི་རེ་བ་ཞུ་བཞིན་ཡོད།
ང་ཚོ་མི་མང་ཚང་མ་དང་། ལྷག་པར་དུ་ཆབ་སྲིད་འགོ་ཁྲིད་དང་སྤྱི་ཚོགས་ལས་འགུལ་བ། འགྲོ་བ་མིའི་བདེ་རྩ་ལ་ཞེན་སྐུལ་ཅན་ཚང་མ་མཉམ་དུ་ཁོང་གི་རྒྱབ་ཏུ་ལངས་དགོས་པ་སོགས་འཁོད་འདུག
དེ་བཞིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་དང་། རྡོ་རྗེ་གླིང་ཁུལ་དུ་གནས་སྡོད་བོད་མི་དང་ས་གནས་ནང་པའི་ཡུལ་མི་ཚོས་དེ་མཚུངས་ལས་འགུལ་ཤུགས་ཆེ་སྤེལ་ཡོད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།